དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-14

    ● ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཚེས་12ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲེ་ཅང་གི“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་གནང་ཞིང་། ཁོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས“ཁྲི་སྟོང་གི་འདུ་འགོད”ཀྱི་ཉམས་མྱོང་དང་བློ་འབྱེད་ཁོང་དུ་གཏིང་ཟབ་ཆུད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ། ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། དོན་དངོས་ལ་མཐོང་ཆེན་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། “ཁྲི་སྟོང་གི་འདུ་འགོད”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས་སྐུ་ངོ་མས་ཇུས་འགོད་དང་བཀོད་སྒྲིག་གནང་བ་དང་། སྐུ་ངོ་མས་སྐུལ་འདེད་བཏང་གནང་བའི་ཐབས་ཇུས་གལ་ཆེན་ཞིག་རེད། ཐབས་ཇུས་དེ་ལག་བསྟར་བྱས་ནས་ལོ་20སོང་རིང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་ལམ་བུ་འཚོལ་ཞིབ་ཐུབ་སྟེ་ཀྲེ་ཅང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁྲི་སྟོང་མང་པོ་བསྐྲུན་པ་དང་ཞིང་པ་མང་ཚོགས་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་སྟེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་སྦྱོར་དད་གསུམ་གཅིག་གྱུར་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པའི་ཐད་ཤུགས་བརྒྱབ་སྟེ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པ་དང་། དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་སྔར་བས་འཛུགས་པ་དང་ལག་ལེན་བསྟར་བ། “སུའི་ཆེད་དུ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ་གང་འདྲ་ཞིག་འཛུགས་པ། གང་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ”བཅས་ཀྱི་གནད་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལོན་པ་དང་ཁོང་དུ་ཆུད་པ། “བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད”ཅེས་པའི་འགན་འཁྲི་ཁུར་སེམས་ལ་བརྟེན་པ་བཅས་བྱས་ནས། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ། ལས་དོན་དངོས་ལ་མི་བསྟུན་པའི་རྨོངས་ཚོད་ཀྱི་བསྡུར་རེས་དང་། དམངས་དུབ་རྒྱུ་ཟད་ཀྱི་རྟགས་མཚོན་ལས་གྲྭ་དང་སྲིད་དོན་ལས་རྗེས་ཀྱི་ལས་གྲྭ་མི་གཉེར་བར་ལོ་རྒྱུས་དང་མི་དམངས་ལ་དངོས་འབྲེལ་འགན་འཁུར་ཐུབ་པར་བྱེད་དགོས། དམངས་ཆེད་བརྩེ་སེམས་ཟབ་ཏུ་གཏོང་བའི་ཐད་ཤུགས་བརྒྱབ་སྟེ་དམངས་ཆེད་ཀྱི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་ལྟ་ཞིབ་དང་། དབྱེ་ཞིབ། བསམ་གཞིག་བཅས་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་བའི་བྱ་ཐབས་དེ་བས་མང་བ་སྤྱོད་པ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ནུས་ཤུགས་ཡོད་རྒུས་སེལ་རོགས་བྱེད་པ། བྱ་བ་བཟང་པོ་དངོས་འབྲེལ་ཡག་པོ་སྒྲུབ་པ་དང་། བྱ་བ་དངོས་ཏན་ཏིག་སྒྲུབ་པ། མང་ཚོགས་ཀྱི་སེམས་ལ་ཟུག་པའི་བྱ་བ་སྒྲུབ་པ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས། འཐབ་ཇུས་ཀྱི་བསམ་གཞིག་ནུས་པ་ཆེ་རུ་གཏོང་བའི་ཐད་ཤུགས་བརྒྱབ་སྟེ་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་ཞིབ་འཇུག་བསམ་གཞིག་བྱེད་པ་དང་ཇུས་འགོད་སྐུལ་འདེད་གཏོང་བ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། འཐབ་ཇུས་ཀྱི་མ་འོངས་སྔོན་མཐོང་རང་བཞིན་དང་། ལས་ཀའི་རང་འགུལ་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། བརྒྱུད་རིམ་ལྡན་པའི་ལྟ་བ་ཁོང་དུ་ཆུད་པའི་ཐད་ཤུགས་བརྒྱབ་སྟེ་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། ཁྱོན་ཡོངས་དང་ཆ་ཤས་དང་། མིག་སྔ་དང་སླད་ཕྱིན། གཞི་ཆེ་དང་གཞི་ཆུང་། འགལ་ཟླ་གཙོ་བོ་དང་ཕལ་པ། དམིགས་བསལ་དང་སྤྱིར་བཏང་བཅས་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་པ། འཕེལ་ཕྱོགས་ཆེན་པོར་ལྟ་མཁས་པོ་དང་དོན་ཆེན་སྒྲུབ་མཁས་པོ་བཅས་བྱས་ནས། ཇུས་འགོད་བྱེད་སྐབས་སྤྱི་ཡོངས་ལ་གཅིག་འདོམས་དང་བཀོལ་སྤྱོད་བྱེད་རིང་གནད་འཁེལ་ཞིབ་ཚགས་ཡོང་བར་བྱེད་དགོས། དམ་པ་དོན་གཉེར་མཐའ་འཁྱོངས་བྱེད་པའི་ཐད་ཤུགས་བརྒྱབ་སྟེ་མཐའ་དག་དོན་དངོས་ལ་བསྟུན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། བསམ་ཕྱོགས་གསལ་བཟོ་དང་ཁ་ཕྱོགས་སྟངས་འཛིན། ལྟ་བ་སྒྱུར་བ་དང་གསར་གཏོད་བྱེད་ཕོད་པ། བརྟག་དཔྱད་ཞིབ་འཇུག་རབ་ཏུ་དར་བ། གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་བྱ་ཐབས་གནད་འཁེལ་འཚོལ་བ། གོང་གིས་འོག་ལ་སྣེ་ཁྲིད་དང་རང་དཔེ་གཞན་སྟོན། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན། ལས་དོན་རེ་རེ་བཞིན་ལ་སྐུལ་འདེད་གཏོང་བ་དང་། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ། བྱ་བ་རེ་རེ་བཞིན་ཡག་པོ་སྒྲུབ་པ་བཅས་བྱས་ནས། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱེད་པ་དང་འགན་འཁུར་དངོས་སྒྲུབ་བྱེད་ཕོད་པར་བྱས་ཏེ“ཁྲི་སྟོང་གི་འདུ་འགོད”བོད་དུ་དོན་འཁྱོལ་ཡག་པོ་ཐུབ་པ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་མུ་མཐུད་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང“ཁྲི་སྟོང་གི་འདུ་འགོད”སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པའི་ལས་ཀའི་ཇུས་གཞི་ཞིབ་འཇུག་བྱས་ཏེ་བཟོ་བ་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་དང་། དཔེ་མཚོན་དབྱེ་ཞིབ་བྱས་ཏེ་ཆེད་དོན་སློབ་སྦྱོང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་པར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཐོན་ལས་བཀོད་ཇུས་འཆར་འགོད་ལུགས་མཐུན་བྱེད་པ་དང་། “འཆར་མང་གཅིག་སྒྲིལ”གྱི་གོ་ཆོད་རང་བཞིན་གྱི་གྲོང་ཚོའི་འཆར་འགོད་བཟོ་བར་སྐུལ་འདེད་མགྱོགས་པོ་གཏོང་བ། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་དང་ལེགས་སུ་གཏོང་བའི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་བཅས་བྱས་ནས། ཞིང་ལས་ཐོན་སྐྱེད་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་ཀྱི་འཚོ་བ་དང་སྐྱེ་ཁམས་བཅས་འཁོར་རྒྱུག་བཟང་པོ་ཡོང་བར་བྱེད་དགོས། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དམིགས་ཚད་ལས་འགན་ཁ་གསལ་བཟོ་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ། ལས་ཀར་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བཅས་བྱས་ནས། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།