ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་གི་ནང་དོན་གལ་ཆེན་ལ་བརྩིས་ནས“ཟུང་འབྲེལ་གཉིས”ཀྱི་ཚད་མཐོའི་མཐུན་འཕྲོད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “ཟུང་འབྲེལ་གཉིས་པའི”དགོངས་དོན་གྱི་ངོ་བོ་དང་། དུས་རབས་ཀྱི་རིན་ཐང་། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། འགན་འཁྲི་འཁུར་བའི་འཇུག་གཞི་དང་འགག་གནད་གནད་འཁེལ་འཚོལ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་དང་། འཚོ་བ་སྐྱེལ་སྟངས། བསམ་པའི་དོན་གཉེར། རིག་གནས་ཀྱི་རང་རྟོགས་བཅས་སུ་འགྱུར་བར་བྱེད་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་དམིགས་ནས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུར་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕུལ་བྱུང་སྲོལ་བཟང་རིག་གནས་ཀྱི་ཐོན་ཁུངས་ཡག་པོ་སྤྱོད་པ། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་སྤྱོད་གཙང་རིག་གནས་ཀྱི་སློབ་གསོ་སྤེལ་བ། སྤྱོད་གཙང་གོང་བཀུར་དང་རུལ་སུངས་ལ་ངོ་རྒོལ་གྱི་རིག་གནས་ཀྱི་ཞིང་ས་གཏོད་པ་བཅས་བྱེད་དགོས།