རང་སྐྱོང་ལྗོངས་ཀྱི་གྲོང་སྡོད་ལས་བྱེད་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ།
ལའེ་ཅའོ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།
ཟླ་6ཚེས་12ཉིན་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་གསུངས་དོན། གྲོང་སྡོད་ལས་དོན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས“གཙོ་གནད་ལས་འགན་ལྔ”ལ་དམ་པོར་དམིགས་ནས་གནད་སྨིན་ཤུགས་འདོན་བྱེད་དགོས། “བོད་སྒྱུར་ལོ་ཙཱའི”APPཡག་པོ་སྤྱད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲེ་ཅང་གི“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གསར་པ་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། “གསེར་སྙེའི་ཞིང་ཕན་དྲ་སྦྲེལ”ཁྱབ་གདལ་གཏོང་བ། སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གནས་སྡོད་དང་ལས་ཀར་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། “ཕུའུ་ཅང་གི་ཉམས་མྱོང་”སློབ་སྦྱོང་དང་ཁྱབ་གདལ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་ཤུགས་ཟབ་ཏུ་བཏང་སྟེ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་གཏིང་ཟབ་བྱས་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། གྲོང་སྡོད་ལས་བྱེད་པ་ཡོངས་ལ་ཁྱབ་པའི་གསོ་སྦྱོང་ཚགས་ཚུད་བྱས་ནས“ཉིན་བརྒྱའི་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་བརྟག་ཞིབ་ཆེ་མོ”བྱས་ནས་འགན་འཁྲི་སྒྲུབ་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། གྲོང་སྡོད་ལས་དོན་རུ་ཁག་གི་ཕྱོགས་བསྡུས་དཔྱད་ཞིབ་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་དམངས་འདོད་ཚད་ལེན་བྱེད་རྒྱུ་དེ་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་གང་ལེགས་འདོན་དགོས། “གཟའ་འཁོར་རེར་བཀོད་གཏོང་དང་། ཟླ་རེར་བརྡ་ཁྱབ། དུས་ཚིགས་རེར་སྐོང་འདྲི”བཅས་བྱས་ནས་གྲོང་སྡོད་ལས་བྱེད་པར་དོ་དམ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་ལས་བྱེད་པའི་གྲོང་སྡོད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།