དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆི་འཛམ་གླིང་གི་ཀྲའོ་ཝ་500རིམ་པའི་འབབ་ཤུགས་ཆེ་ལ་སྐྱོམ་རྡབ་རྣམ་པའི་འཕྲུལ་ཚན་ཐོག་མའི་ཚན་ཞིབ་འགག་སྒྲོལ་དཔེ་སྟོན་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་ཆེན་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཉེ་ཆར། འཛམ་གླིང་གི་ཀྲའོ་ཝ་500རིམ་པའི་འབབ་ཤུགས་ཆེ་ལ་སྐྱོམ་རྡབ་རྣམ་པའི་འཕྲུལ་ཚན་ཐོག་མའི་ཚན་ཞིབ་འགག་སྒྲོལ་དཔེ་སྟོན་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཙོའུ་ལེ་ཡིས་དཔེ་སྟོན་རྣམ་གྲངས་དགྲ་ལྷ་ཆུ་ཤུགས་གློག་ཁང་གི་ལས་གྲྭ་གཙོ་བོ་སྐྲུན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒྱལ་མཚན་དང་ཝང་ཀང་ཚོགས་འདུར་ཕེབས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་བློ་མཐུན་ཡང་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་ཚབ་ཞུས་ནས་འཛམ་གླིང་གི་ཀྲའོ་ཝ་500རིམ་པའི་འབབ་ཤུགས་ཆེ་ལ་སྐྱོམ་རྡབ་རྣམ་པའི་འཕྲུལ་ཚན་ཐོག་མའི་ཚན་ཞིབ་འགག་སྒྲོལ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་དེ་བཞིན་དགྲ་ལྷ་ཆུ་ཤུགས་གློག་ཁང་གི་ལས་གྲྭ་ཨ་མ་སྐྲུན་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག དུས་ཡུན་རིང་པོར་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། དུས་ཡུན་རིང་པོར་བོད་འཛུགས་སྐྲུན་གྱི་ལས་དོན་ལ་ཞུགས་མཁན་ཀྲུང་དབྱང་ཁེ་ལས་དང་དེ་བཞིན་འཆར་འགོད་ཇུས་འགོད་ཞིབ་འཇུག་ཚན་པ་ཁག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཁྲེན་ཡུང་ཆིས་གསུངས་དོན། བོད་ནི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཞིག་ཡིན། བོད་ལ་ནུས་རྒྱུ་གཙང་མ་དང་བསྐྱར་སྤྱོད་ཆོག་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་ལྗང་མདོག་གློག་ཤུགས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ནས་རྒྱལ་ཁབ་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་པོ་བསྐྲུན་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཐོག ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། དགྲ་ལྷ་ཆུ་ཤུགས་གློག་ཁང་གི་ལས་གྲྭ་ཨ་མ་སྐྲུན་འགོ་ཚུགས་པ་ལས་བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་ལ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་རྒྱུ་མ་ཟད། ད་དུང་རྒྱལ་ཁབ་ནུས་རྒྱུ་བདེ་འཇགས་ཡོང་བ་དང“བོད་གློག་ཕྱིར་གཏོང”གི་ནུས་རྒྱུ་འཕེལ་རྒྱས་འཐབ་ཇུས་ལ་ཡང་དོན་སྙིང་གལ་ཆེན་ལྡན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་དེ་བས་ཆེ་བའི་ལས་སྒྲུབ་ཀྱི་ལས་ཕྱོད་དང་དེ་བས་ལེགས་པའི་ཞབས་ཞུའི་ཆུ་ཚད་ལ་བརྟེན་ནས་དགྲ་ལྷ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་ཀྱི་ཐུགས་ཁུར་དང་མཛུབ་ཁྲིད། ཏཱ་ཐང་ཚོགས་པ་སོགས་ཀྲུང་དབྱང་ཁེ་ལས་ཁག་གི་རྒྱབ་སྐྱོར་དང་གཞོགས་འདེགས་བཅས་ཀྱི་འོག འགན་འཁྲིར་ངོ་གནོངས་མི་དགོས་པ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བར་རྒྱལ་ཁབ་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ཡག་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བོད་ཀྱི་ལེགས་སྐྱེས་འབུལ་བར་ང་ཚོར་ཡིད་ཆེས་དང་། ཆོད་སེམས། སྟོབས་ཤུགས་བཅས་ཡོད། རྒྱ་ཆེའི་ཁེ་ལས་དང་ལྷག་པར་དུ་ནུས་རྒྱུའི་ཁེ་ལས་བོད་ལ་མ་འཇོག་དང་བྱ་གཞག་གཏོད་པར་ཡོང་བར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་གི་ཡིན། ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཀྱིས་བོད་ལ་མུ་མཐུད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་སྤྱད་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བཏོད་དེ་ལག་གདང་སྦྲེལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བོད་ཀྱི་ལེའུ་བརྩམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།