ཝང་ཅུན་ཀྲེང་དང་ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཙོའུ་ལེ་བཞུགས་མོལ་གནང་བ།
ཡན་ཅིན་ཧའེ་དང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཙོའུ་ལེ་བཅས་པ་དང་བཞུགས་མོལ་གནང་ནས་ཕྱོཌ་གཉིས་པོའི་ཁྱབ་ཁོངས་མང་པོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་སྐོར་ལ་སྤེལ་རེས་གནང་བ།
དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཙོའུ་ལེ་བཅས་པ་དང་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོའི་ཁྱབ་ཁོངས་མང་པོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་སྐོར་ལ་སྤེལ་རེས་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ཟླ་བ་ཚེ་རིང་བཅས་དང་། ཏཱ་ཐང་ཚོགས་པའི་འགོ་ཁྲིད་ཆུས་པོ་དང་ཕེང་ཡུང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཙོའུ་ལེ་དང་བཅས་པར་དགའ་བསུ་ཞུས་པ་དང་། ཏཱ་ཐང་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། མིག་སྔར་བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་བཞིན་ཡོད། ཏཱ་ཐང་ཚོགས་པ་གཞུང་ཁོངས་ནུས་རྒྱུའི་ཁེ་ལས་ཧ་ཅང་ཆེ་གྲས་ཤིག་ཡིན་པའི་ངོས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས། རྣམ་གྲངས་འཛུགས་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་སོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ་ནུས་རྒྱུའི་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་མངོན་ཡོད། བོད་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་ནུས་རྒྱུ་གསར་སྤེལ་གྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཏཱ་ཐང་ཚོགས་པས་རང་ངོས་ཀྱི་ལེགས་ཆ་བཏོན་ནས་དགེ་སྤེལ་སྐྱོན་སྤོང་དང་ལེགས་ཆ་གསབ་རེས་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་བྱེད་སྟངས་གསར་པ་གཏོད་རྒྱུ་དང་། འཛུགས་སྐྲུན་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཆུ་དང་། གློག རླུང་། ཚ་ནུས་བཅས་གསབ་རེས་དང་། གློག་ཁུངས་དང་། གློག་དྲ། ཐེག་ནུས། གློག་གསོག་བཅས་གཞི་གཅིག་ཅན་མཐའ་འཁྱོངས་དང་། ཆུ་གློག་དང་། འོད་ཤུགས། ཚ་ནུས་སོགས་ནུས་རྒྱུ་གཙང་མ་བདེ་འཇགས་དང་། ཕན་འབྲས་ཆེ་བ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ཆུ་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་པར་རམ་འདེགས་བྱེད་རྒྱུ། གློག་ཤུགས་བགྲོད་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། ནུས་རྒྱུ་གཙང་མ་གསར་སྤེལ་དང་ཟད་གྲོན་དབར་གྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱེད་པ་དང་། གློག་དྲ་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། བོད་གློག་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། གསོག་ནུས་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་ཅན་གྱི་ཟད་གྲོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་བོད་ཀྱིས་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་རམ་འདེགས་བྱེད་རྒྱུ། ཤེས་ལྡན་མི་སྣ་དང་། ལག་རྩལ། མ་དངུལ་སོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཀུན་སྤྱོད་མཁའ་འགྲུལ་དང་། ནུས་རྒྱུ་གཙང་མ། གྲངས་འཛིན་དཔལ་འབྱོར། ཡང་བའི་བཟོ་ལས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་ལ་རམ་འདེགས་བཅས་བྱས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། རོགས་སྐྱོར་བྱེད་སྟངས་ཟམ་མི་ཆད་པར་ལེགས་སུ་གཏོང་བ། ཆེད་ལས་ཁག་གི་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བཅས་བྱས་ནས་མང་ཚོགས་དེ་བས་མང་བ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་བཅས་ཀྱི་རེ་བ་ཡོད། བོད་ཀྱིས་ཏཱ་ཐང་ཚོགས་པ་བོད་དུ་འཕེལ་རྒྱས་འགྲོ་བར་མུ་མཐུད་རྒྱབ་སྐྱོར་བྱས་ནས་མཐུན་སྦྱོར་འབྲེལ་མཐུད་ཀྱི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁེ་ལས་ཀྱི་མ་འཇོག་ལས་དར་ལ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་དང་ཆ་རྐྱེན་བཟང་པོ་གཏོད་རྒྱུ་ཡིན།
ཙོའུ་ལེ་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁེ་ལས་བོད་དུ་འཕེལ་རྒྱས་གཏོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་བོད་དུ་ཡོད་པའི་རྣམ་གྲངས་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་ཏཱ་ཐང་ཚོགས་པས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་བཟང་པོར་གཞི་ཚུགས་ནས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། མ་དངུལ་གཏོང་བའི་འཆར་གཞི་ལེགས་སུ་གཏོང་བ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ནུས་རྒྱུ་གསར་པའི་རྣམ་གྲངས་གསར་སྤེལ་དང་། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།