དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-12

    ● ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དེ་བཞིན་རི་ཆུ་ཀླུང་གསུམ་སྲུང་སྐྱོང་མཐའ་གཅིག་ཏུ་ཡག་པོ་བྱེད་དགོས།

    ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་པ་ཡན་ནོར་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་ནན་ཏན་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དེ་བཞིན་རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“སྤྱི་ཡོངས་གཉིས”བློ་ལ་འཆང་བ་དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ཏེ། མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སྐྱེ་ཁམས་ལ་རག་ལུས་པ་ངོས་འཛིན་གཏིང་ཟབ་བྱས་ཏེ། རང་རྟོགས་ངང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་རྒྱག་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པ་བཅས་བྱེད་དགོས། གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁྱོན་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་དང་ཆ་ཤས་དང་། དེང་སྐབས་དང་ཕུགས། གཞི་ཆེན་དང་གཞི་ཆུང་། འགལ་ཟླ་གཙོ་བོ་དང་ཕལ་པ། དམིགས་བསལ་དང་སྤྱིར་བཏང་བཅས་དབར་གྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ནས་བྱེད་རིན་ཡོད་མེད་རྩ་དོན་དུ་བཟུང་སྟེ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གི་དོ་མཉམ་བྱེད་ས་སྟངས་འཛིན་འཕྱུགས་མེད་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བྱས་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་སྤེལ་ཏེ་ཐང་རྒོད་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཙང་པོ་དང་། ཆུ་བོ། མཚེའུ་གལ་ཆེན་བཅས་འབབ་རྒྱུད་དང་། འདམ་ར། རང་བྱུང་ནགས་ཚལ། རང་བྱུང་སྤང་ལྗོངས་བཅས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཁྲོད་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་བྱེད་དགོས་པ་དང་། གཅིག་ཤེས་ཀུན་གྲོལ་དང་། སྒྲིག་སྲོལ་དང་ལམ་ལུགས་བཟོ་བ། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་དམངས་ཡོངས་ཀྱིས་མཉམ་སྐྲུན་དང་། མཉམ་སྤྱོད། མཉམ་བཅོས་བཅས་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ། སྐྱེ་ཁམས་ལམ་ལུགས་ཀྱི་མ་ལག་ཁྱོན་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་2022ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཚོད་སྐོར་གྱི་སྙན་སེང་གསན་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་། “མི་དོར་བ་བཞིའི”བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། གྲངས་གཞི་ཆེ་མོའི་དོ་དམ་ལས་སྟེགས་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱེད་པ། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་སྟབས་བསྟུན་གྱི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་ཀྱི་ཁང་པའི་སྤུས་ཚད་མཐོར་གཏོང་ལས་གྲྭར་སྐུལ་འདེད་གཏོང་བ། གཞི་རྩའི་སྨན་བཅོས་འགན་སྲུང་དང་། ནད་ཆེན་འགན་སྲུང་། སྨན་བཅོས་རོགས་སྐྱོབ་སོགས་འགན་སྲུང་མང་པོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དམིགས་ཚད་ལ་དམ་པོར་དམིགས་པ་དང་འགག་རྩར་དམ་འཛིན་བྱས་ནས་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཚོགས་སྤྱི་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་འདེགས་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་གྲོང་གསེབ་ཀྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག་དུས་རབས་གསར་པའི་རྒན་རྒོན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་དང་གྲོས་ཞིབ་གནང་ཞིང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་ཆུ་མ་ཤོར་གོང་ནས་རགས་རྒྱག་པ་དང་སྔོན་ཚུད་ནས་ཇུས་འགོད་བྱས་ཏེ་རང་འགུལ་ངང་མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པ། རིམ་པ་མང་བའི་རྒན་གསོ་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒན་རྒོན་གྱི་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ལུས་གསོ་དང་། བདེ་ཐང་ཡུལ་སྐོར་སོགས་བདེ་ཐང་རྒན་གསོའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། “རྒན་བཀུར་ཟླ་བའི”བྱེད་སྒོ་རབ་དང་རིམ་པ་དང“རྒན་བཀུར་ཤེས་དཔལ་རྟགས་ཅན”འཛུགས་གཏོད་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་བཅས་བྱས་ནས་རྒན་བཀུར་གྱི་སྤྱི་ཚོགས་ཁོར་ཡུག་བཟང་པོ་གཏོད་པ་དང་། ཏང་ཨུད་ཀྱི་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྤྱི་ཚོགས་ཞུགས་པ། དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ་བཅས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རྒན་རྒོན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།