ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་སྙན་སེང་གསན་པ།
ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་སྙན་སེང་གསན་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཕྱོགས་སྟོན། འབྲས་བུའི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱེད་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་ཡང་འབད་བསྐྱར་འབད་བྱེད་པ། ཤེས་སྦྱོར་གཅིག་མཐུན་དང་སྦྱངས་པ་གོ་ཆོད་ཡོང་གང་ཐུབ་བྱེད་པ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་དེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་མིན་ལ་ཞིབ་དཔྱད་བྱེད་པའི་རྡོ་ཀ་ཤུ་ཀར་བརྩིས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། གཟབ་ནན་གྱི་ཆབ་སྲིད་ཀྱི་རྣམ་འགྱུར། རབ་ཏུ་འཕེལ་བའི་ཆབ་སྲིད་ཀྱི་སྤྲོ་སེམས་བཅས་ལ་བརྟེན་པ། དངོས་སུ་སློབ་སྦྱོང་བྱས་ནས་དངོས་འབྲེལ་ཤེས་པ་དང་། དངོས་སུ་བརྟག་དཔྱད་བྱས་ནས་ཞིབ་འཇུག་གཏིང་ཟབ། དངོས་སུ་ཞིབ་བཤེར་བྱས་ནས་དག་ཐེར་ཏན་ཏིག དངོས་སུ་ལྟ་སྐུལ་བྱས་ནས་དངོས་འབྲེལ་མཛུབ་ཁྲིད་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་འཐོབ་པར་སྐུལ་འདེད་གཏོང་དགོས།
ཟབ་སྦྱོང་མཐིལ་རྟོགས་ལ་མུ་མཐུད་ཤུགས་བརྒྱབ་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་ཤུགས་བརྒྱབ་ནས་དེའི་ནང་དུ་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ་དང་། དེར་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། སློབ་སྦྱོང་བྱེད་སྟངས་གསར་གཏོད་བཅས་བྱས་ནས་སློབ་སྦྱོང་གི་གནས་ཚུལ་དང་ལས་ཀའི་གནད་དོན་དངོས་ཐག་གཅོད་ཟུང་འབྲེལ་བྱས་ཏེ་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་ཕུགས་བསམ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་འགྱུར་བར་བྱེད་དགོས།
ཕན་འབྲས་དོན་གཉེར་ལ་མུ་མཐུད་ཤུགས་བརྒྱབ་ནས་བརྟག་དཔྱད་ཞིབ་འཇུག་ལ་སྔར་བས་དམ་འཛིན་ཏན་ཏིག་བྱེད་དགོས། སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་རང་བཞིན་གྱི་བརྟག་ཞིབ་དང་། རྙོག་འཛིང་ཆེ་བའི་དཀའ་གནད་སེལ་བའི་ཐབས་ཇུས་རང་བཞིན་གྱི་བརྟག་ཞིབ། དུས་རབས་གསར་པ་དང་གནས་ཚུལ་གསར་པའི་མ་འོངས་སྔོན་མཐོང་རང་བཞིན་གྱི་བརྟག་ཞིབ། ལས་ཀའི་རྣམ་གྲངས་གལ་ཆེན་གྱི་རྗེས་འདེད་རང་བཞིན་གྱི་བརྟག་ཞིབ་སོགས་ལ་ཤུགས་བརྒྱབ་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་ཕྱོགས་སྒྱུར་ལ་མཐོང་ཆེན་བྱས་ཏེ་བརྟག་ཞིབ་ཀྱི་གྲུབ་འབྲས་གནད་དོན་ཐག་གཅོད་དང་ལས་ཀ་ལེགས་བཅོས་ཀྱི་དོན་དངོས་བྱ་ཐབས་ལ་ཏན་ཏིག་འགྱུར་བར་བྱེད་དགོས།
གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་འཛིན་པར་མུ་མཐུད་ཤུགས་བརྒྱབ་ནས་གནད་དོན་སྔར་བས་འཚོལ་བཤེར་དང་དག་ཐེར་བྱེད་དགོས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཤུགས་ཆེན། སློབ་སྦྱོང་བྱེད་ཞོར་དུ་ལྟ་བསྡུར་དང་། འཚོལ་བཤེར། དག་ཐེར་བཅས་མཐའ་འཁྱོངས། གཞི་རིམ་དུ་བཅར་འདྲི་དང་བརྟག་ཞིབ་བྱེད་པར་སྐྱོད་པ། བརྟག་དཔྱད་ཞིབ་འཇུག་བྱེད་རིང་ཤེས་པའི་གནད་དོན་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་འཕྲད་པའི་གནད་དོན། མང་ཚོགས་ཀྱི་བསམ་འཆར་ཆེ་བའི་གནད་དོན་བཅས་ཐག་གཅོད་ཏན་ཏིག་བྱས་ནས་འཚོལ་བཤེར་དང་དག་ཐེར་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།
ཤེས་སྤྱོད་གཅིག་མཐུན་མཐའ་འཁྱོངས་ལ་མུ་མཐུད་ཤུགས་བརྒྱབ་ནས་ཟུང་འབྲེལ་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་བསྟར་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“དོན་ཆེན་བཞི”དོན་འཁྱོལ་བྱེད་པར་དམིགས་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམ་པོར་དམིགས་ནས་ཆད་སྐྱོན་སེལ་བ་དང་། ཞན་ཆ་ལེགས་སུ་གཏོང་བ། རྨང་གཞི་བརྟན་དུ་གཏོང་བ། ལེགས་ཆ་དར་སྤེལ་བཅས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་ཟུང་འབྲེལ་དམ་ཟབ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཏན་ཏིག་གཏོང་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བྱེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ནས་མི་དམངས་མང་ཚོགས་ལ་གནད་དོན་ཐག་གཅོད་བྱས་པའི་ཕན་འབྲས་དངོས་ཚོར་དུ་འཇུག་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ཟུང་འབྲེལ་དམ་ཟབ་དང་། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ། སྲོལ་གསར་སྤྱོད་བཟང་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཇུས་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་ཏན་ཏིག་བྱེད་དགོས། རིམ་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་འཁུར་བ་དང་། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་ཡག་པོ་འཁུར་བ། ཏང་ཨུད(ཏང་ཙུའུ)ཀྱི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ནན་ཏན་འཁུར་བ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཁ་ཕྱོགས་མི་འཛོལ་བ་དང་། རྣམ་གྲངས་མི་ལུས་པ། རྣམ་པ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་དགོས། རིག་གནས་དྲིལ་བསྒྲགས་ཁོངས་གཏོགས་ཀྱིས་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔེ་མཚོན་ཤེས་རྟོགས་དང་ཕྱོགས་སྡོམ་ལ་དོ་སྣང་། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་པ་བཅས་བྱས་ཏེ་སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།