དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་བརྡར་གཅོད་བྱས་པ།

    ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-12

    ཚེས་9ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་བརྡར་གཅོད་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་། མུ་མཐུད་དངོས་སྒྲུབ་གཙོ་བོར་འཛིན་པ་དང་ཏན་ཏིག་གལ་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་སྨིན་ཇུས་བསྟར་བྱེད་པ། གཅིག་འདུས་ཤུགས་འདོན་བཅས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དེ་བས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་ཐུབ་པའི་འགན་ལེན་བྱེད་པ་དང་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་བདེ་བླག་ངང་བསྒྲུབ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

    ཁྲེན་ཡུང་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རེན་ཝེ་དང་། ཤའོ་ཡིའུ་ཚའེ། ལྕགས་རྭ་བློ་བཟང་བསྟན་འཛིན། ལུའོ་མེ། ཝང་ཡུང་། བསོད་ནམས་ཉི་མ། ཝེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། ཀུང་ཧུའེ་ཚའེ། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཡན་ཅིན་ཧའེ་ཡིས་ལོ་འདི་ལོ་ཕྱེད་ཙམ་འདས་ཟིན་ཞིང་། ཐོག་མཐའ་བར་གསུམ་དུ་ངེས་ཤུགས་དང་། གདེང་ཚོད། ཆོད་སེམས་བཅས་རྒྱུན་འཁྱོངས་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་དང་། མཐའ་ཚད་ཀྱི་བསམ་བློ། གནད་དོན་གྱི་ཕྱོགས་སྟོན་བཅས་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། གཙོ་གནད་ལ་དམ་འཛིན་དང་། ཆད་སྐྱོན་སེལ་བ། ཞན་ཆ་སེལ་བ་བཅས་བྱེད་པ། “རྫོགས་ལྡན་དུས་ཚིགས”ལ་དམ་འཛིན་གྱིས་ལས་དོན་ཧུར་ཐག་སྤེལ་ནས་དཔལ་འབྱོར་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་རྣམ་གྲངས་མ་འཇོག་ལ་དམ་འཛིན་ནན་པོ་བྱེད་དགོས། གཙོ་གནད་རྣམ་གྲངས་ལས་འགོ་འཛུགས་པའི་མྱུར་ཚད་དང་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་འགོ་ཁྲིད་ཀྱིས་འགན་གཙང་ལེན་པའི་རྣམ་གྲངས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་སྐུལ་ཁྲིད་རང་བཞིན་གྱི་གཙོ་གནད་རྣམ་གྲངས་ལ་དམིགས་སུ་དམ་འཛིན་ཡག་པོ་བྱས་ནས། དམངས་ཁྲོད་ཀྱི་མ་འཇོག་གི་གསོན་ཤུགས་ཏན་ཏིག་འཕེལ་བར་བྱེད་དགོས། གཉིས་ནས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱེད་དགོས། ལྗང་མདོག་སྐྱེ་ཁམས་ཐོན་ལས་མ་ལག་བསྐྲུན་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་ཐོན་ལས་འཁོར་འབྲེལ་གྱི་སྣེ་འདྲེན་ཁེ་ལས་གཙོ་བོ་གཏོད་པ་དང་མཐོར་གཏོང་གི་ཞིབ་ཕྲའི་སྲིད་ཇུས་ཞིབ་འཇུག་བྱེད་པ་དང་། སྣེ་འདྲེན་ཁེ་ལས་ཀྱི“གཅིག་གཏད་གཅིག”གི་ཞབས་ཞུ་དང“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་རོགས་སྐྱོར་གྱི་ལས་ཀའི་ལམ་སྲོལ་འཛུགས་པ། གནས་མང་པོ་ནས་འདེགས་སྐྱོར་དང་ཕྱོགས་མང་འཕེལ་རྒྱས་ཀྱི་དཔལ་འབྱོར་གྱི་རྣམ་པ་ཞིག་མགྱོགས་མྱུར་ཆགས་པ་བཅས་བྱེད་དགོས། གསུམ་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་དམ་འཛིན་ནན་པོ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བའི་སྲིད་ཇུས་དང་བྱ་ཐབས་ཞིབ་འཇུག་བྱས་ཏེ་བཟོ་བ་དང་ཁ་གསབ་སྲིད་ཇུས་ལེགས་སུ་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་གནད་སྨིན་རོགས་སྐྱོར་དང་། ཁྲིད་སྟོན། སྐུལ་ཁྲིད་བཅས་བྱེད་དགོས། བཞི་ནས་ལས་ཞུགས་བརྟན་པོ་ཡོང་བར་དམ་འཛིན་ནན་པོ་བྱེད་དགོས། སློབ་ཆེན་སློབ་མ་དང“མི་གཅིག་ཀྱང་ལས་ཞུགས་ཐུབ་མེད་པའི”ཁྱིམ་ཚང་སོགས་གཙོ་གནད་ཚོགས་སྤྱིར་གཙོ་བོར་དམིགས་པ་དང་སློབ་ཆེན་སློབ་མ་ལས་ཞུགས་ལས་གཏོད་ཀྱི་མ་དངུལ་དང་སྲིད་ཇུས་བསྡུ་སྒྲིལ་ལ་སྤྱི་འདོམས་བྱས་ཏེ། སྲིད་ཇུས་སྟབས་བདེ་དངོས་ཕན་དང་ཕན་ཆེ་ཡོང་བའི་འགན་ལེན་བྱེད་དགོས། ལྔ་ནས་འཛད་སྤྱོད་སྐུལ་སྤེལ་ལ་དམ་འཛིན་ནན་པོ་བྱེད་དགོས། “བོད་ཀྱི་བྲོ་བའི”ཞིམ་ཟས་ཁྲོམ་གཞུང་ལ་བརྟེན་ནས་བོད་ཀྱི་ཞིམ་ཟས་འགྲན་བསྡུར་གྲ་སྒྲིག་ཡག་པོ་བྱེད་པ་དང་། མཚན་མོའི་དཔལ་འབྱོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལས་རིགས་དོ་དམ་དང་ཡུལ་སྐོར་ཁྲོམ་ར་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་བོད་ལྗོངས་ཡུལ་སྐོར་གྱི་གཟུགས་བརྙན་བཟང་པོ་ཞིག་གཏོད་དགོས། དྲུག་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་དམ་འཛིན་ནན་པོ་བྱེད་དགོས། གཙོ་རྒྱུ་འགན་ལེན་དང་། ཞབས་ཞུ་འགན་ལེན། དངུལ་རྩ་འགན་ལེན་བཅས་ཡག་པོ་བྱས་ཏེ་ཁེ་ལས་ཀྱི་མ་འཇོག་རྣམ་གྲངས་ཀྱི་ཁས་ལེན་ལམ་ལུགས་དང་། ཚབ་སྒྲུབ་ཞབས་ཞུ། ཆད་རུང་བདག་སྤྲོད། “དཔྱད་མང་གཅིག་སྒྲིལ”སོགས་ཀྱི་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། གཉེར་གྲབས་ཡོད་པའི་བོད་ལྗོངས་འགྲེམས་ཚོགས་དང་ཟུང་འབྲེལ་གྱིས་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ཕྱོགས་སུ་ཕྱིར་ཚོང་བྱེད་པའི་ཐབས་ལམ་ཐོགས་པ་མེད་པར་བྱེད་དགོས། བདུན་ནས་བདེ་འཇགས་འགན་ལེན་ལ་དམ་འཛིན་ནན་པོ་བྱེད་དགོས། སྐྱེ་ཁམས་བདེ་འཇགས་དང་། སྤྱི་ཚོགས་བདེ་འཇགས། ཐོན་སྐྱེད་བདེ་འཇགས་བཅས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་བདེ་འཇགས་ཀྱི་དམིགས་བསལ་དོན་རྐྱེན་ཚབས་ཆེན་མི་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།