བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་ཞུགས་པ་དང་གསུང་བཤད་ཀྱང་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཁྲེན་ཡུང་ཆིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ།
ཟླ་6ཚེས་7ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།
ཟླ་6ཚེས་7ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཚེས་7ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཚན་རྩལ་གསར་གཏོད་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཚན་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། “དོན་ཆེན་བཞིའི”ཁྲོད་ཚན་རྩལ་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁྲེན་ཡུང་ཆིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། ལའེ་ཅའོ་དང་། ཟླ་བ་ཚེ་རིང་། ལིའུ་པོ་ཁྲེང་། མོང་ཞའོ་ལིན། རྡོ་རྗེ་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཐོབ་མཁན་ཉི་མ་བཀྲ་ཤིས་དང་། རྡོ་རྗེ། ཡུས་ཁྲེང་ཆུན་བཅས་ལ་བྱ་དགའ་གནང་བ་རེད།
དེ་རྗེས། ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་གནང་བ་དང་བྱ་དགའ་ཐོབ་མཁན་འཐུས་མི་ཉི་མ་བཀྲ་ཤིས་དང་། རྡོ་རྗེ། ཡུས་ཁྲེང་ཆུན་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་བྱ་དགའ་ཐོབ་མཁན་ཡོངས་དང་ཚན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཁ་ཚ་དགོས་གཏུགས་ནི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་དེང་རབས་ཅན་གྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་འདི་རེད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་ཚན་རྩལ་དོ་དམ་སྡེ་ཚན་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“སྤྱི་ཡོངས་གཉིས”བློ་ལ་འཆང་བ་དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ཏེ་ཚན་རྩལ་གསར་གཏོད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རྩལ་གསར་གཏོད་དང་། ཚན་རྩལ་བཀོལ་སྤྱོད། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་རམ་འདེགས་བྱས་ཏེ་ཚན་རྩལ་དེང་རབས་ཅན་གྱིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”གཞོགས་འདེགས་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཏང་འཛུགས་སྐྱོང་དང་། དྲ་རྒྱ། གྲངས་འཛིན་བཅོས་སྐྱོང་བཅས་མཉམ་དུ་འབྲེལ་བའི”གཞི་རིམ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ས་གཤིས་ཀྱི་གནོད་འཚེ་དང་གནམ་གཤིས་ཀྱི་གནོད་འཚེར་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་གྱི་སྔོན་དཔག་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱས་ནས་བོད་ཡུན་རིང་བདེ་འཁོད་ལ་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་ཁྱབ་གདལ་དང་བེད་སྤྱོད་གཏོང་ཤུགས་ཆེ་རུ་བཏང་ནས་ཉི་ནུས་དང་རླུང་ནུས་སོགས་ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་ལག་རྩལ་ཞིབ་འཇུག་དང་གསར་སྤེལ། སྒྲིག་ཆས་ཞིབ་བཟོ་དང་དེ་བཞིན་གཞི་ཁྱོན་ཆེན་པོས་བེད་སྤྱོད་བཅས་བྱས་ཏེ་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ལས་སྣོན་སོགས་འགག་རྩའི་ལག་རྩལ་གསར་གཏོད་གཏིང་ཟབ་བྱས་ནས་ཚན་རྩལ་དང་ཡུལ་སྐོར་རིག་གནས་དང་། ཟོག་འགྲེམས་སྡེབ་སྐྱེལ། དམངས་འཚོ་ལེགས་གཏོང་བཅས་མཉམ་འདྲེས་ཡག་པོ་ཡོང་བར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། སྐྱེ་ཁམས་སྲུང་སྐྱོང་བྱེད་རིང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཧུར་ཐག་ཞུགས་པ། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན། སྐྱེ་ཁམས་སྲུང་སྐྱོང་སླར་གསོ། སྐྱེ་ཁམས་མ་ལག་གི་ཐཱན་བསྡུ་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གནད་དོན་གལ་ཆེན་ཞིབ་འཇུག་དང་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གཙོ་གནད་སྲུང་སྐྱོང་དང་ལས་གྲྭ་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་གཙང་སེལ་དང་ཐོན་ཁུངས་ཅན་བེད་སྤྱོད་སོགས་ཀྱི་ལག་རྩལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། “རིག་ལྡན་མཐའ་སྲུང”འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་ལ་བརྟེན་ནས་མཐའ་མཚམས་དོ་དམ་དང་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ། དམག་ཉེན་དམངས་ཀྱི་མཉམ་འགོག་ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཚན་རྩལ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས་པ་བཅས་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་རང་བཞིན་དང་ཁྲིད་སྟོན་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་ས་མཐོའི་ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་དང་འགྲན་རྩོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་དགོས། ཚན་ཞིབ་གསར་གཏོད་ཀྱི་ལས་སྟེགས་སྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་ཞིབ་ཁང་དང་། མཐོ་རིམ་སློབ་གླིང་། རྐང་འཛིན་ཁེ་ལས་བཅས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ནས་གཙོ་གནད་ཚོད་ལྟ་ཁང་དང་ལག་རྩལ་གསར་གཏོད་ལྟེ་གནས་སོགས་གསར་གཏོད་རྟེན་གཞིའི་ལས་སྟེགས་སྐྲུན་པར་རྒྱབ་སྐྱོར་བྱས་ཏེ་མཐོ་གསར་ཁུལ་དང་ཞིང་འབྲོག་ལས་ཀྱི་ཚན་རྩལ་གླིང་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་བརྒྱབ་ནས“གསོ་སྐྱོང་དང་། ཁྲིད་སྟོན། བེད་སྤྱོད། སེམས་གནས་པ”བཅས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཀྱི“ཤེས་ལྡན་པའི་ལས་དོན་གྱི་དོན་ཚན་བཅུ་དགུ་པ”ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཚན་རྩལ་ཁྱབ་ཁོངས་ཀྱི“ཇོ་མོ་གླང་མའི་ཕུལ་བྱུང་ཤེས་ལྡན་པའི”འཆར་གཞི་དང་ཚན་རྩལ་གསར་གཏོད་ལས་སྟེགས་གདམ་གསེས་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གང་མགྱོགས་དོན་འཁྱོལ་བྱས་ནས་ཤེས་ལྡན་པའི་གསར་གཏོད་ཀྱི་གཏིང་ཤུགས་ཟམ་མི་ཆད་པར་འཕེལ་བ་བྱེད་དགོས་པ་བཅས་རེད།
ཝང་ཅུན་ཀྲེང་གིས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བརྟན་པོ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགན་རང་འཁུར་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ། ཞབས་འདེགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་གནད་སྨིན་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ། དཔེ་མཚོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུཌ་ཆེན་གཏོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཚན་རིག་ཤེས་བྱ་སྦྱོང་བ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།