ཁྲེན་ཡུང་ཆིས་མཐོ་རྒྱུགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།
ཟླ་6ཚེས་7ཉིན་ནི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཀྱི་ཉིན་དང་པོ་ཡིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་ས་སློབ་འབྲིང་གི་རྒྱུགས་གནས་སུ་ཕེབས་ནས་མཐོ་རྒྱུགས་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། ས་ཆ་དངོས་སུ་སྨན་དོན་ཞབས་ཞུའི་ས་ཚིགས་བཀོད་སྒྲིག་བྱས་ཚུལ་དང་རིམས་འགོག་དངོས་ཟོག་གྲ་སྒྲིག་བྱས་ཚུལ་སོགས་ལ་གཟིགས་ནས་སློབ་གསོའི་ཁོངས་གཏོགས་དང་ལྷག་པར་དུ་མཐོ་རྒྱུགས་རིང་ཏོག་དབྱིབས་ནད་དུག་གསར་པ་འགོས་པར“རིགས་ཁ་པར་དོ་དམ་བྱེད་ཐབས་ཁ་པའི”སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་དང་འཕྲལ་སྡོམ་སྨན་བཅོས་ཞབས་ཞུ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་ཡང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
ཁྲེན་ཡུང་ཆིས་ནན་བཤད་གནང་དོན། བསམ་བློ་སྔོན་ལ་བཏང་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཚན་རིག་དང་མཐུན་ཞིང་གནད་ལ་སྨིན་པོས“རིགས་ཁ་པར་དོ་དམ་བྱེད་ཐབས་ཁ་པའི”སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་དང་ནན་པོ་བྱེད་པ་དང་། རྒྱུགས་ར་དང་། ཉལ་ཁང་། སློབ་གྲྭ་སོགས་ཀྱི་འཕྲོད་བསྟེན་དོ་དམ་ལ་ཤུགས་སྣོན་རྒྱག་པ། སློབ་ཁང་གི་རླུང་འགྲོ་དང་ཁོར་ཡུག་དུག་སེལ་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ། རྒྱུགས་རའི་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ཕྱོགས་ཡོངས་དང་ནུས་ལྡན་སྤེལ་བ། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་། སྔ་ཙམ་ཐག་གཅོད་བཅས་བྱེད་པ། མཐོ་རྒྱུགས་རིང་གཅིག་སྡུད་རང་བཞིན་གྱི་རིམས་ནད་མ་ཐོན་སྔོན་འགོག་བཅས་བྱས་ཏེ། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་བདེ་འཇགས་དང་། འཕྲོད་བསྟེན། སྐྱོན་བྲལ་བཅས་ཀྱི་རྒྱུགས་ལེན་ཁོར་ཡུག་ཅིག་སྐྲུན་དགོས། དགེ་སློབ་ཀྱི་སྨན་བཅོས་ཞབས་འདེགས་སོགས་ཀྱི་འགན་ལེན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རིམས་འགོག་དངོས་ཟོག་དང་འཕྲལ་མཁོའི་སྨན་རྫས་གྲབས་གསོག་ཡག་པོ་དང་། སྨན་དོན་པ་སོགས་ཀྱི་འགན་ལེན་སྟོབས་ཤུགས་བཀོད་སྒྲིག་ཡག་པོ། སེམས་ཁུར་དང་གཅེས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ། རྒྱུགས་རའི་བདེ་ཐང་ས་ཚིགས་ཀྱི་དོ་དམ་དང་ཞབས་འདེགས་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། རྒྱུགས་སྤྲོད་སློབ་མ་དང་རྒྱུགས་རའི་ལས་དོན་པའི་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཏོག་གསར་གློ་ནད་འགོས་པའི་སློབ་མར་རྒྱུགས་ར་གྲ་སྒྲིག་གི་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ནས་རྒྱུགས་སྤྲོད་སློབ་མ་ཚང་མ་བདེ་བླག་ངང་ཡིག་རྒྱུགས་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཁྱིམ་ཚང་དང་སློབ་གྲྭའི་དབར་གཡས་གཞོགས་གཡོན་འདེགས་བྱས་ནས་རྒྱུགས་སྤྲོད་སློབ་མ་སེམས་པ་ལྷོད་ལ་བབས་ཏེ་ཡིག་རྒྱུགས་གཏོང་དུ་བཅུག་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ཁོངས་གཏོཌ་ས་ཆ་དང་སློབ་གྲྭའི་ཕྱོགས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་རང་འགན་རང་འཁུར་དང་མཉམ་ལས་ཧུར་ཐག འཕྲོད་བསྟེན་དང་ནད་ཡམས་ཚོད་འཛིན་སྡེ་ཚན་གྱིས་ལས་སྒོའི་མཛུབ་ཁྲིད་ཡག་པོ་བྱས་ནས། མཐོ་རྒྱུགས་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཐུན་མོང་ཐོག་ཡག་པོ་སྒྲུབ་དགོས།