རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།
ཟླ་6ཚེས་2ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གསར་ཤོས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཀྲེ་ཅང་གི“ཁྲི་སྟོང་འདུ་འགོད”དང“ཕུའུ་ཅང་ཉམས་མྱོང”སློབ་སྦྱོང་ལག་བསྟར་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་བཅས་ལ་དམིགས་ཏེ་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
ལའེ་ཅའོ་ཡིས་གསུངས་དོན། རྩ་འཛུགས་སྡེ་ཚན་དང་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་ཀྲེ་ཅང་གི“ཁྲི་སྟོང་འདུ་འགོད”དང“ཕུའུ་ཅང་ཉམས་མྱོང”སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཆེ་འདོད་ཅན་གྱི“ཡ་མོན་གྱི་སྤྱོད་ཚུལ”གཏན་འགོག་བྱེད་པ། ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་ཟུར་ཚད་ནས་གནད་དོན་ལ་བསམ་གཞིག་དང་བྱ་བ་སྒྲུབ་པ་བཅས་བྱས་ཏེ་ལས་དོན་ཁག་དེ་བས་མང་ཚོགས་དང་འབྲེལ་གཏུག་དང་། དེ་བས་ཆུ་ཚད་ལྡན་པ། དེ་བས་དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཡོང་བར་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁྲི་ཡག་པོར་བསྒྲུབས་ཏེ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལས་འགལ་ནས་ཆེ་སྒྲུབ་མྱུར་སྤེལ་དང་། བུ་ལོན་བླངས་ནས“ནར་ལུས་ལས་གྲྭ”དང་། “རྟགས་མཚོན་ལས་གྲྭ”“ངོ་སོའི་ལས་གྲྭ”བཅས་གཉེར་བ་དང་བསྡོམས་རྩིས་རྫུན་བཟོ་སོགས་ཀྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་ཡག་པོ་བྱས་ནས། རིམ་ཁག་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་སྐུལ་འདེད་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། མངོན་གསལ་དོད་པའི་གྲུབ་འབྲས་དང་མངོན་མེད་གྲུབ་འབྲས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། “བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད”ཅེས་པའི་འགན་སེམས་བཅངས་ནས“དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་དགོས། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པར་བྱས་ནས་ཆབ་སྲིད་ཀྱི་ནུས་པ་དང་། བསམ་གཞིག་གི་ནུས་པ། ལག་ལེན་གྱི་ནུས་པ་བཅས་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་འདུས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེ་བཞིན་དེའི་ནང་འདུས་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་བསམ་བློར་བཅིངས་འགྲོལ་ཆེན་པོ་དང་། འཇོན་ཐང་ཆེས་ཆེར་འཕེལ་བ། སྤྱོད་ཚུལ་ཧ་ཅང་ལེགས་སུ་གཏོང་བ། ལས་དོན་དོན་འཁྱོལ་ཆེན་པོ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས།