བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་སི་ཁྲོན་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་སྦྲགས་ཞིང་ལྗོངས་གཉིས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་དང་ཧོང་ཆང་གིས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ།
ཟླ་5ཚེས་29ཉིན་ནས་ཚེས་31ཉིན་བར། བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་སི་ཁྲོན་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་ཅིང་། འདི་ནི་བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་ཐན་ཧྥུའུ་ཁུལ་གསར་འཆར་འགོད་ཁང་དུ་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བཞིན་པ།
ཟླ་5ཚེས་29ཉིན་ནས་ཚེས་31ཉིན་བར། བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་སི་ཁྲོན་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་སྦྲགས་ཞིང་ལྗོངས་གཉིས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུའི་ཚོགས་ར་ཡིན་པ།
ཟླ་5ཚེས་29ཉིན་ནས་ཚེས་31ཉིན་བར། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་སི་ཁྲོན་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་སྦྲགས་ཞིང་ལྗོངས་གཉིས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་ཧོང་ཆང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཏོན་དབྱི་ཅུན་ཁག་སོ་སོས་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་ཁྲེང་ཏུར་ཡོད་པའི་བོད་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལུས་གསོ་ཁང་དང་། རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས། ཐན་ཧྥུའུ་ཁུལ་གསར་འཆར་འགོད་ཁང་། ཞིན་ལུང་མཚེའུ་སོགས་སུ་ཕེབས་ཏེ། རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་དང་ཉེ་འཁོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཁྲོན་བོད་ལྕགས་ལམ་གྱི་ལག་རྩལ་འགག་སྒྲོལ་དང་། ཚན་ཞིབ་གྲུབ་འབྲས་ཐོན་ལས་ཅན་དུ་འགྱུར་བ། གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གྲོང་ཁྱེར་གྱི་ཞབས་ཞུ་སོགས་ལས་དོན་ལ་རྟོག་ཞིབ་གནང་བ་རེད། གང་དུ་འབྱོར་རིམ་བཞིན་འཐུས་མི་ཚོགས་པའི་ཁོངས་མི་ཚོས་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་འབྲེལ་བྱེད་ཐབས་བཀའ་འདྲི་ཞིབ་ཚགས་གནང་ཁར། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་གླིང་དང་མཉམ་འདྲེས་བྱེད་པའི་བསམ་ཕྱོགས་དང་བྱ་ཐབས་བཟང་པོར་མཉམ་དུ་གྲོས་བསྡུར་ཡང་གནང་བ་རེད།
སི་ཁྲོན་དང་བོད་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུར། ཝང་ཅུན་ཀྲེང་གིས་སི་ཁྲོན་གྱིས་བོད་ཀྱི་ལས་དོན་ལ་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལའང་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རང་རྟོགས་ངང་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་བློ་གཏོང་བ་དང་། ཇུས་འགོད་བྱེད་པ། སྐུལ་འདེད་གཏོང་བ་བཅས་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་སྟོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་ཀྱི་འབད་འཐབ་དམིགས་ཚད་ཞིབ་ཕྲར་བསྒྱུར་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་བཏང་ཡོད།
ད་ཆ་བོད་དུ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། སི་ཁྲོན་དང་བོད་ལྗོངས་རི་ཆུ་འབྲེལ་ཡོད་ལ་མི་རྣམས་འཆམ་མཐུན་ཡོད། ལོ་མང་རིང་གི་འགྲོ་འོང་དམ་ཟབ་ཁྲོད་མཛའ་བཤེས་ཟབ་ཏུ་ཕྱིན་པ་དང་། མཉམ་འགུལ་མཉམ་ལས་ཁྲོད་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་ཕྱིན་པ། ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་ཁྲོད་གཉིས་ཁེ་གཉིས་ཕན་བྱུང་ཡོད། སི་ཁྲོན་ནི་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལྟེ་གནས་ཡིན་པ་དང་། བོད་ནི་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་འགྲོ་ལམ་གལ་ཆེན་དང་རྒྱལ་ནང་དང་རྒྱལ་སྤྱིའི“འཁོར་རྒྱུག་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་རེད། ཞིང་ལྗོངས་གཉིས་ཀྱིས་ཁྱབ་ཁོངས་དེ་བས་ཡངས་པ་དང་། རིམ་པ་དེ་བས་ཟབ་པ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་གཏོང་བར་དམིགས་པ། མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་འབྲས་ཐོན་པ་བཅས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ནུས་ལྡན་སྤེལ་བ་བཅས་བྱས་ཏེ་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་རམ་འདེགས་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བར་དམིགས་པ་དང་། ཁྲོན་བོད་ཀྱི“ས་གྲོལ་དཔལ་འབྱོར”རབ་དང་རིམ་པ་མཉམ་སྐྲུན། བོད་དུ་ཚན་རྩལ་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་གཏོང་བ། བོད་ཀྱིས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་གླིང་དང་དེ་བས་མཉམ་འདྲེས་ལེགས་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་རམ་འདེགས་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཉམ་ལས་ཟབ་ཏུ་གཏོང་བར་དམིགས་པ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། འོད་ཤུགས་དང་། རླུང་ནུས། ཆུ་ནུས་སོགས་ནུས་རྒྱུ་གཙང་མ་མཉམ་དུ་གསར་སྤེལ་བཅས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་གཏོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་མཉམ་ལས་ཟབ་ཏུ་གཏོང་བར་དམིགས་པ་དང་། སྤྱི་ཚོགས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱས་ནས། བོད་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་རམ་འདེགས་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡི་མངགས་བཅོལ་ལྟར་ཧོང་ཆང་གིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་སི་ཁྲོན་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། བོད་ཀྱིས་སི་ཁྲོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གངས་ལྗོངས་ས་མཐོར“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་དང་། ལྷག་པར་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པའི་ལོ་བཅུ་དེ་བོད་ཀྱི་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་དུས་སྐབས་སུ་གྱུར་ཡོད་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མི་རྣམས་ཡིད་སྨོན་སྐྱེ་དགོས་པའི་གྲུབ་འབྲས་ཀྱང་ཐོབ་ཡོད། ང་ཚོས་བོད་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕན་ཚུན་རྒྱབ་སྐྱོར་དང་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། ཁྲོན་བོད་འགྲིམ་འགྲུལ་དྲ་བ་ཕན་ཚུན་སྦྲེལ་མཐུད། ཁྱད་ལྡན་ལེགས་ཆའི་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བེད་སྤྱོད། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སླར་གསོ། ཁྱད་ལྡན་ལེགས་ཆའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཐོ་རིམ་དབར་གྱི་ཕན་ཚུན་འཚམས་འདྲི་དང་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་སྡེ་ཚན་གྱི་ཁ་གཏད་འབྲེལ་གཏུག་ལམ་སྲོལ་ཟབ་ཏུ་གཏོང་བ། ས་གནས་གཉིས་པོའི་ཁེ་ལས་དང་། མཐུན་ཚོགས། ཚོང་ཚོགས། དམངས་ཁྲོད་རྩ་འཛུགས་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཉམ་ལས་འཕེལ་རྒྱས་ལ་དེ་བས་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
རྟོག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་བོད་ལྗོངས་འཛིན་གྲྭའི་དགེ་སློབ་དང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འཐུས་མིར་བྱམས་བརྩེའི་ངང་གཟིགས་པ་མ་ཟད། ཁོང་ཚོའི་སློབ་སྦྱོང་དང་ལས་ཀའི་གནས་ཚུལ་ཡང་གསན་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། རྒྱལ་མཚན། བསོད་ནམས་ཉི་མ། མོང་ཞའོ་ལིན་བཅས་དང་སི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་ཧྲི་ཞའོ་ལིན་དང་། ཅིན་ལེ། སུང་ཁྲའོ་ཧྭ། ཀྲུང་མན་བཅས་དང་དེ་བཞིན་ཞིང་ལྗོངས་གཉིས་ཀྱི་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།