དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-01

    ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་ཁོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་52ཚོགས་འདུར་ཞུགས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅུན་དང་། འཇམ་དཔལ། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་བཅས་ཚོགས་འདུར་ཞུགས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་བརྒྱུད་རྗེས། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》སློབ་སྦྱོང་བྱས་པ་རེད།

    ཚོགས་འདུར་མི་དོན་བསྐོ་འཐེན་དོན་ཚན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་གསན་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འདུམ་འགྲིག་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བསམ་འཆར་གྱི་སྙན་སྒྲོན་གནང་བ་རེད།

    ཚོགས་འདུར《ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ》དང་། 《〈ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་ལམ་སྲོལ〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》《གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་ལམ་སྲོལ》《ལྷ་ས་གྲོང་ཁྱེར་སྡེ་ལས་དོ་དམ་སྲོལ་ཡིག》བཅས་ཀྱི་གསལ་བཤད་གསན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱིས་ཞིབ་བཤེར་བྱས་འབྲས་ཀྱི་སྙན་སྒྲོན་ཞུས་ནས་གོང་གསལ་གྱི་དོན་གྲོས་ལམ་སྲོལ་དང་། བཟོ་བཅོས་གཏན་འབེབས། སྲོལ་ཡིག་བཅས་རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ། རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་དང་ཕན་ཚུན་འགལ་བ་མེད་པའི་ངོས་འཛིན་བྱས་པ་དང་ད་རེས་ཀྱི་ཚོགས་འདུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱེད་རྒྱུའི་གྲོས་འགོ་བཏོན་པ་རེད།

    ད་དུང་ཚོགས་འདུར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་སྙན་སྒྲོན་དང་འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་སྒྲོན་གསན་པ་རེད།

    ཚོགས་འདུའི་གྲོས་རིམ་གྱི་བཀོད་སྒྲིག་གཞིར་བཟུང་ཚེས་30ཉིན་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།