དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲན་ཏུང་ཞིང་ཆེན་དུ་རྟོག་ཞིབ་སློབ་སྦྱོང་དུ་བསྐྱོད་པ་དང་སྦྲགས་ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་དང་ལིན་ཝུའུ་ཡིས་གསུང་བཤད་གནང་བ། ཡན་ཅིན་ཧའེ་དང་ཀྲོའུ་ནའེ་ཞང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-31

    ཟླ་5ཚེས་27ནས་29ཉིན་བར། བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲན་ཏུང་ཞིང་ཆེན་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་ཅིང་། འདི་ནི་འཐུས་མི་ཚོགས་པས་ཅི་ནན་ཚད་རྡུལ་ལག་རྩལ་ཞིབ་འཇུག་ཁང་དུ་ཅི་ནན་གྱི་ཆ་འཕྲིན་ལག་རྩལ་དང་གྲངས་འཛིན་དཔལ་འབྱོར་སོགས་ཐད་ཀྱི་ཉམས་མྱོང་དང་བྱ་ཐབས་ཤེས་རྟོགས་བྱེད་བཞིན་པ།

    ཟླ་5ཚེས་27ནས་29ཉིན་བར། བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲན་ཏུང་ཞིང་ཆེན་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་སྦྲགས། ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ཟླ་5ཚེས་27ནས་29ཉིན་བར། བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲན་ཏུང་ཞིང་ཆེན་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་སྦྲགས་ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཝུའུ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཀྲོའུ་ནའེ་ཞང་ཁག་སོ་སོས་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཅི་ནན་གྱི་འགུལ་ནུས་གསར་རྙིང་བརྗེ་སྒྱུར་འགོ་ཚུགས་ཁུལ་གྱི་གསར་གཏོད་ལྟེ་གནས་དང་། ཀྲུང་གོ་ཚན་རིག་དཔལ་འབྱོར་ཚན་རྩལ་གསར་གཏོད་གླིང་། ནུས་རྒྱུ་གསར་པའི་ཐོན་ལས་གླིང་བཅས་ཀྱི་འཁོར་ཁང་དང་གླིང་ཁུལ་དུ་བསྐྱོད་ནས་འགྲེམས་སྟོན་ལ་གཟིགས་པ་དང་ཐོན་ལས་ཁྱབ་ཚུལ་དང་། ཚན་ཞིབ་རྣམ་གྲངས་ལག་བསྟར། ཐོན་གྲོང་མཉམ་འདྲེས། ཚན་རིག་གི་སྒྲིག་ཆས་གལ་ཆེན་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    འཐུས་མི་ཚོགས་པ་ལང་ཁྲའོ་ཚོགས་པ་དང་། ཅི་ནན་ཚད་རྡུལ་ལག་རྩལ་ཞིབ་འཇུག་ཁང་། ཧྭ་ཤིས་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་བཅས་སུ་བསྐྱོད་དེ་ཚན་རྩལ་གསར་གཏོད་དང་། ཆ་འཕྲིན་ལག་རྩལ། གྲངས་འཛིན་དཔལ་འབྱོར། སྐྱེ་དངོས་གསོ་རིག་སྨན་རྫས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སོགས་ཐད་ཀྱི་ཅི་ནན་གྱི་ཉམས་མྱོང་དང་བྱེད་སྟངས་ཡག་པོ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་སྦྲགས་ཚང་མས་འགྲེལ་བཤད་ནན་ཏན་ཉན་ཞིང་། ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ནུས་རྒྱུ་གསར་པའི་ཐོན་ལས། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྐོར་ལ་ཧྲན་ཏུང་ཞིང་ཆེན་དང་ཅི་ནན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    ཧྲན་ཏུང་དུ་འཚོགས་པའི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུར། ཝང་ཅུན་ཀྲེང་གིས་ཧྲན་ཏུང་ཞིང་ཆེན་གྱིས་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཧྲན་ཏུང་གི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་པོའི་གྲས་ཤིག་ཡིན་པའི་ཧྲན་ཏུང་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ལ་ཁ་གཏད་རོཌ་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སེམས་ནུས་ཡོད་རྒུས་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲན་ཏུང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་སྐྱོད་རིང་། ཧྲན་ཏུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་མྱོང་ཚོར་ཐུབ་ནས་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་། བློ་སྒོ་ཕྱེ་སྟེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད། ཧྲན་ཏུང་ཞིང་ཆེན་ལ་ཚན་ཞིབ་དང་། ལག་རྩལ། ཐོན་ལས། ཤེས་ལྡན་མི་སྣ་བཅས་ཀྱི་ལེགས་ཆ་ལྡན་པ་དང་། བོད་ལ་ས་བབ་དང་། སྲིད་ཇུས། ཐོན་ཁུངས་བཅས་ཀྱི་ལེགས་ཆ་ལྡན་པས་ཕྱོགས་གཉིས་པོའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། བོད་ཀྱི་དགོས་མཁོ་དང་ཧྲན་ཏུང་གི་བྱེད་ནུས་ཟུང་འབྲེལ། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་དང་། རིག་ལྡན་སྲིད་དོན། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སོགས་ཐད་ལེགས་ཆ་གསབ་རེས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས། ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཐོན་ལས་བོད་སྐྱོར་དང་། རིག་སྟོབས་བོད་སྐྱོར། དམངས་འཚོའི་བོད་སྐྱོར། སྐྱེ་ཁམས་བོད་སྐྱོར་བཅས་ལ་ཤུགས་སྣོན་བརྒྱབ་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རྒྱ་ཆེ་རུ་གཏོང་དགོས། ཐོན་ལས་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་རིག་གནས་ཡུལ་སྐོར་ལས་རིགས་དང་སྒྲིག་བཀོད་ཞིང་འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མགྱོགས་སུ་གཏོང་བ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་ནས་བོད་ཀྱི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ཡག་པོ་སྒྱུར་དགོས། བོད་ཀྱིས་སྒོ་དབྱེ་དང་ལྷག་བསམ་རྣམ་དག་གི་སྒོ་ནས་ཧྲན་ཏུང་ཁེ་ལས་བོད་དུ་མ་འཇོག་ལས་དར་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པར་གདན་དྲངས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ལིན་ཝུའུ་ཡིས་ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་འཐུས་མི་ཚོགས་པ་སླེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ། རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ཧྲན་ཏུང་གི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་དང་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ལིན་ཝུའུ་ཡིས། བོད་ཀྱི་ལས་དོན་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ནང་དམིགས་བསལ་གྱི་གནས་བབ་གལ་ཆེན་བཟུང་ཡོད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་བརྒྱུད། ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཏེ་གངས་ལྗོངས་ས་མཐོར་མཐུན་སྒྲིལ་བརྟན་ལྷིང་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཐོན་ཡོད་པས། ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་ཁག་གཅིག་ང་ཚོས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་ནི་ཧྲན་ཏུང་གི་རང་འཁྲིའི་ལས་འགན་དང་འཁུར་འོས་པའི་འགན་འཁྲི་ཞིག་ཡིན་ལ། ཞིང་ལྗོངས་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡང་རེད། ང་ཚོས་ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་ཀྱི་ཡིན། ང་ཚོས་བོད་ཀྱི་དགོས་མཁོར་གཞི་ཚུགས་པ་དང་ཧྲན་ཏུང་གི་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་། སློབ་གསོ་སྨན་བཅོས་ལ་རོགས་སྐྱོར། ཧྲན་ཏུང་དུ་ལས་ཞུགས་གཞན་སྒྱུར། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ལ་དམ་འཛིན་ནན་པོ་བྱས་ཏེ་བོད་སྐྱོར་ལས་དོན་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན། བོད་དང་ཧྲན་ཏུང་སོ་སོར་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ཁྱད་ཆོས་ལྡན་ཡོད། ང་ཚོས་རིག་གནས་ཡུལ་སྐོར་དང་། སློབ་གསོ། ཚན་རྩལ། འཛད་སྤྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་མཐོངས་རྒྱ་ཆེར་བཏང་ནས་ཕྱོགས་གཉིས་པོའི་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་གི་ཡིན། ང་ཚོས་བསམ་ཇུས་གཅིག་གི་བསམ་བློ་སྔར་བས་བརྟན་དུ་བཏང་ནས་འགན་འཁྲི་ནན་དུ་གཏོང་བ་དང་། བྱ་ཐབས་གསར་གཏོད་བྱེད་པ། ཐོན་ཁུངས་ཀྱི་གཙོ་རྒྱུར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་རིག་སྟོབས་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཤུགས་ཆེན་བཅས་བྱས་ཏེ་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་ཀྱི་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞིང་ལྗོངས་གཉིས་ཀྱིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་དུས་རབས་གསར་པའི་ཧྲན་ཏུང་དང་བོད་ལྗོངས་ཀྱི་མི་དམངས་དབར་བརྩེ་བ་ཟབ་མོ་ལྡན་པའི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་ཀྱི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    རྟོག་ཞིབ་བྱེད་རིང་། ཝང་ཅུན་ཀྲེང་གིས་བོད་ལྗོངས་འཛིན་གྲྭའི་དགེ་སློབ་དང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འཐུས་མིར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ། ཁོང་ཚོས་ཧྲན་ཏུང་དུ་སློབ་སྦྱོང་དང་ལས་ཀ་བྱེད་པའི་གནས་ཚུལ་གསན་ཞིང་། ཁོང་གིས། བོད་ལྗོངས་འཛིན་གྲྭ་གཉེར་བ་ནི་ཏང་ཀྲུང་དབྱང་གིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གང་མགྱོགས་འགྲོ་རྒྱུར་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་ཡིན་པ་དང་། དེ་ཉིད་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཧྲན་ཏུང་ཞིང་ཆེན་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་དམིགས་བསལ་གྱི་ཐུགས་ཁུར་དང་རིགས་ཁག་གི་སྤུས་ལེགས་ལས་གནས་མཁོ་འདོན་བྱས་ཡོད། དེ་ཐོག་ནས་ཧྲན་ཏུང་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་འགྱུར་མེད་རང་བཞིན་དང་རང་རྟོགས་རང་བཞིན་གང་ལེགས་མངོན་ཡོད། ཚང་མས་སྙིང་རུས་ཆེན་པོས་ཤེས་ཡོན་སྦྱངས་ནས་ཕུགས་འདུན་ནི་སློབ་སྦྱོང་ནས་འགོ་ཚུགས་པ་དང་བྱ་གཞག་ནི་འཇོན་ཐང་ལ་བརྟེན་ནས་སྒྲུབ་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཤེས་ཡོན་ལ་དཀའ་སྤྱད་བརྩོན་ཞིབ་བྱེད་པ། འབད་བརྩོན་ཆེན་པོས་རྩལ་ནུས་ཁོང་དུ་ཆུད་པ་བཅས་བྱས་ནས་ལས་རིགས་ཀྱི་ཤེས་ལྡན་པ་ཕུལ་བྱུང་ཞིག་ཏུ་འགྱུར་བར་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་གྱི་བློ་དཀར་སེམས་དཀར་གྱི་ལག་ལེན་པ་དང་སྐུལ་འདེད་གཏོང་མཁན་ཧུར་ཐག་ཐུབ་པའི་བརྩོན་ལེན་བྱེད་དགོས། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། མི་སྒེར་གྱི་ཀུན་སྤྱོད་ལ་ཞུན་བརྡར། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལེགས་སུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་གཞོན་ནུའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།