ཀརྨ་ཚེ་བརྟན་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་དུས་མཚམས་སྒྱུར་བའི་ལས་དོན་ཚོགས་འདུར་ཞུགས་པ།
ཟླ་5ཚེས་29ཉིན་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོའི་དུས་མཚམས་སྒྱུར་བའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ནས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་དུས་མཚམས་དང་པོའི་ལས་དོན་ལ་ཕྱོགས་སྡོམ་དང་དུས་མཚམས་གཉིས་པའི་ལས་འགན་ལ་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཀྱི་སྤྱི་ཡོངས་ཇུས་གཞིའི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་བཏང་དུས་མཚམས་གཉིས་པ་སྟེ། ཐོས་བསམ་མྱོང་རྟོགས་ཀྱི་དུས་མཚམས་སུ་སླེབས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་ནན་ཏན་གཞིགས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། དམིགས་ཚད་དང་ལས་འགན་གཏན་འཁེལ། འགན་འཁྲི་འཁུར་ཤུགས་ཆེར་གཏོང་བཅས་བྱས་ནས་སློབ་སྦྱོང་དང་སྒྲོག་འགྲེལ་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་དྲིལ་བསྒྲགས་སློབ་གསོ་དང་། ཐོས་བསམ་མྱོང་རྟོགས། སྲ་བརྟན་མཐོར་གཏོང་བཅས་ཀྱི་དུས་མཚམས་གསུམ་གྱི་ལས་དོན་ལ་མཉམ་འདྲེས་སྐུལ་འདེད་བཏང་ནས་གསལ་པོ་དང་། ཏན་ཏིག ཡག་པོ་བཅས་ཤོད་པ་དང་། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ། སེམས་ལ་ཟུག་པ་དང་བྱ་སྤྱོད་དུ་འཁྱོལ་བ་བཅས་བྱས་ཏེ“འདུ་ཤེས་གསུམ”སྔར་བས་བརྟན་པོ་འཛུགས་པ་དང་། བློ་སྒྲིལ་སེམས་སྐྱེད་ཀྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། འགག་རྩའི་དམག་འཐབ་ལ་རང་འགུལ་ངང་རྒྱལ་ཁ་ལེན་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་མཁས་པོ། ནུས་ཤུགས་བཏོན་ཏེ་ལྗོངས་ཡོངས་ཀྱི“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་ཆེད་སེམས་ནུས་གཅིག་སྒྲིལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།