ཁྲེན་ཡུང་ཆིས་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་ཀྲང་ཀྲི་ཀང་བཅས་པ་དང་བཞུགས་མོལ་གནང་བ།
ཟླ་5ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་སར་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ཀྲི་ཀང་བཅས་པར་མཇལ་འཕྲད་གནང་བ་དང་འབྲེལ་བཞུགས་མོལ་ཡང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཞིའུ་ཁྲང་ཚོགས་འདུར་ཞུགས་པ་རེད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ནུས་རྒྱུ་ཅུས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས་ཡོད་པ་རེད།
ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་རྣམ་གཉིས་ཀྱི་ཚབ་ཞུས་ཏེ་ཀྲང་ཀྲི་ཀང་དང་བཅས་པར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་བོད་ཀྱི་གློག་དྲའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་པོའི་མཉམ་ལས་གྲོས་མཐུན་དོན་འཁྱོལ་ཡག་པོ་བྱེད་པ། ལྗོངས་ནང་ཁུལ་གྱི་གློག་དྲ་གཙོ་བོའི་སྒྲོམ་གཞི་མུ་མཐུད་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བྱེད་པ།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གྲོང་གསེབ་ཀྱི་གློག་དྲ་བརྟན་གཏོང་རིམ་སྤོར་གྱི་ལས་གྲྭ་ལག་ལེན་གཏིང་ཟབ་བསྟར་བ། མཐའ་མཚམས་དང་ཐག་རིང་ལུང་ཁུག་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། བོད་ཀྱི་གློག་ཤུགས་ཕྱིར་གཏོང་བགྲོད་ལམ་འཆར་འགོད་འཛུགས་སྐྲུན་གང་མགྱོགས་བྱེད་པ། བོད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གསར་སྤེལ་དང་བེད་སྤྱོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་བའི་རེ་བ་ཡོད། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི་བོད་དུ་འཕེལ་རྒྱས་འགྲོ་བར་བོད་རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ནས་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་གི་ཡིན་ཞེས་གསུངས་པ་རེད།
ཀྲང་ཀྲི་ཀང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག འབྲེལ་ཡོད་ལས་དོན་སྤེལ་ཚུལ་དང་ཉེ་དུས་ཀྱི་བཀོད་སྒྲིག་ངོ་སྤྲོད་ཀྱང་གནང་ཞིང་། ཁོང་གིས། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་གློག་དྲ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།