དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧོ་པེར་རྟོག་ཞིབ་སློབ་སྦྱོང་བྱེད་པར་སྐྱོད་པ་དང་སྦྲགས་ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-29

    ཟླ་5ཚེས་25ནས་27ཉིན་བར། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧོ་པེ་ཞིང་ཆེན་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་སྐྱོད་ཅིང་། འདི་ནི་འཐུས་མི་ཚོགས་པ་ཧྲི་ཅ་ཀྲོང་རྒྱལ་སྤྱིའི་སྐྱེ་དངོས་གསོ་རིག་གླིང་དུ་སྐྱོད་ནས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་སྐྱེད་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།

    ཟླ་5ཚེས་25ནས་27ཉིན་བར། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧོ་པེ་ཞིང་ཆེན་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་སྐྱོད་པ་དང་སྦྲགས་ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ཟླ་5ཚེས་25ནས་27ཉིན་བར། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧོ་པེ་ཞིང་ཆེན་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་སྐྱོད་པ་དང་སྦྲགས། ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཉི་གཡོད་ཧྥུང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཝང་ཀྲེང་ཕུའུ་ཁག་སོ་སོས་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    རླངས་འཁོར་ཞུང་ཨན་དུ་འབྱོར་སྐབས། འཐུས་མི་ཚོགས་པས་ཞུང་ཨན་བབས་ཚུགས་དང་། ཞུང་ཨན་ཁུལ་གསར་འཆར་འགོད་འགྲེམས་སྟོན་ལྟེ་གནས། ཞུང་ཨན་འགྲེམས་ཚོགས་ལྟེ་གནས་ཀྱི་ཞུང་ཨན་ཚོམས་ཆེན་བཅས་སུ་རྟོག་ཞིབ་གནང་ནས་མཐོ་གསར་ལག་རྩལ་ཐོན་ལས་ཚོ་འདུས་འཕེལ་རྒྱས་དང་། གྲོང་ཁྱེར་གྱི་འཆར་འགོད་འདུ་ཤེས། ལྗང་མདོག་གསར་གཏོད་འཕེལ་རྒྱས།

    པའེ་དབྱང་ཏེན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རུང་ཏུང་ཡུག་ཁུལ་ནན་ཝུན་དབྱིང་སྡེ་ཁུལ་དུ་འཐུས་མི་ཚོགས་པ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་འདེགས་ལྟེ་གནས་དང་། ཟ་ཁང་། ཁུལ་ཆུང་བཅས་སུ་ཕེབས་ཏེ་སྡེ་ཁུལ་གྱི་ཞབས་འདེགས་ཞིབ་ཚགས་ཅན་དང་། དོ་དམ་དྲ་མིག་ཅན། གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡེ་ཁུལ་བཅོས་སྐྱོང་ལ་སྣེ་ཁྲིད་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད།

    འཐུས་མི་ཚོགས་པ་ཀྲུང་གོ་གློག་རྡུལ་ཚན་རྩལ་ཐོན་ལས་རྨང་གཞིའི་ཞིབ་འཇུག་ཁང་དང་། ཐའེ་ཕིང་ཆུ་བོའི་གྲོང་ཁྱེར་ཡུག་ཁུལ། ཧྲི་ཅ་ཀྲོང་རྒྱལ་སྤྱིའི་སྐྱེ་དངོས་གསོ་རིག་གླིང་། རྡོ་སྨན་ཚོགས་པ་བཅས་སུ་ཕེབས་ནས་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་གྱི་འཕེལ་རྒྱས་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད། ཐོན་སྐྱེད་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཚང་མས། ཧོ་པེའི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་ཧུར་ཐག་ཐུབ་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བཅས་བྱས་ནས། བོད་ཀྱི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་གྱི་ཡིན་ཞེས་བརྗོད་པ་རེད།

    ཧོ་པེ་དང་བོད་ཀྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཝང་ཅུན་ཀྲེང་གིས། ཧོ་པེ་ཞིང་ཆེན་གྱིས་བོད་སྐྱོར་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཧོ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་སྙིང་དབུས་ནས་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཧོ་པེ་ཞིང་ཆེན་གྱིས་སྔར་ནས་བཟུང་བོད་སྐྱོར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། བོད་སྐྱོར་ལས་དོན་རུ་ཁག་སྐབས་རིམ་བྱུང་གིས་ཤིས་པའེ་ཕོའི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་ནས་ཧོ་པེའི་ལས་བྱེད་པའི་སྤྱོད་ཚུལ་བཟང་པོ་མངོན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པ་ཧོ་པེ་རུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་ལ་རྟོག་ཞིབ་བྱེད་པར་བསྐྱོད་རྗེས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་གྱི་ཐོན་ལས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར་ལས་རིགས། འབྱུང་འཕྲོད་བཟོ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་དམིགས་ནས་མཉམ་དུ་ས་མཐོའི་ཁྱད་ལྡན་སྣེ་འདྲེན་ཁེ་ལས་ཁག་གཅིག་བཙུགས་ཏེ་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བའི་རེ་བ་ཡོད། རིག་སྟོབས་ཀྱི་བོད་སྐྱོར་མུ་མཐུད་ཟབ་ཏུ་བཏང་ནས་ཧོ་པེའི་ཚན་རྩལ་དང་ཤེས་ལྡན་པའི་ལེགས་ཆ་བཏོན་ཏེ་བོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། ཞིང་ལྗོངས་གཉིས་ཀྱི་ཁེ་ལས་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཧོ་པེའི་ཁེ་ལས་ཀྱིས་བོད་དུ་མ་དངུལ་བཏང་ནས་བྱ་གཞག་གཏོད་པ་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པར་ཡོང་ནས་སྐྱེ་དངོས་ཀྱིས་སྨན་བཟོ་བ་དང་ཡང་བའི་བཟོ་ལས་སོགས་ཀྱི་ཁེ་ལས་བོད་དུ་གཞིས་ཆགས་པར་སྐུལ་འདེད་བཏང་སྟེ། ལེགས་ཆ་གསབ་རེས་དང་གཉིས་ཁེ་འཕེལ་རྒྱས་ཡོང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།

    ཉི་གཡོད་ཧྥུང་གིས། ཧོ་པེ་ཞིང་ཨུད་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། ཁོང་གིས། ཧོ་པེའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེར་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བའི་མཚམས་སུ་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པ་ཧོ་པེ་རུ་རྟོག་ཞིབ་གནང་བར་ཕེབས་པ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་ཚུགས་གནས་མངོན་པ་མ་ཟད། ཧོ་པེའི་འཕེལ་རྒྱས་དང་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ལུགས་ཀྱང་མཚོན་ཡོད། ཧོ་པེ་དང་བོད་ལྗོངས་དབར་ལ་རི་ཆུ་ཁྲི་སྟོང་གིས་བར་ཐག་ཆོད་མོད། འོན་ཀྱང་ས་ཆ་གཉིས་པོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་སེམས་གཅིག་སྦྲེལ་གྱིས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ལྡན་ཡོད། ཧོ་པེས་ད་ཐེངས་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པ་རྟོག་ཞིབ་ལ་ཕེབས་པ་གོ་སྐབས་སུ་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མི་དམངས་ལ་ཕུལ་བྱུང་གི་གྲུབ་འབྲས་ཧུར་ཐག་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    རྟོག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས། ད་དུང་བོད་ལྗོངས་འཛིན་གྲྭའི་དགེ་སློབ་དང་ཧོ་པེར་ལས་ཞུགས་ཐུབ་པའི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་འཐུས་མིར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ཁོ་ཚོའི་སློབ་སྦྱོང་དང་ལས་ཀའི་གནས་ཚུལ་སྐོར་གསན་པ་རེད། ཝང་ཅུན་ཀྲེང་གིས་ཧོ་པེའི་སློབ་གྲྭ་3གྱིས་བོད་ལྗོངས་འཛིན་གྲྭ་གཉེར་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་སྤུས་ལེགས་མཁོ་འདོན་བྱས་པ་ལས། ཧོ་པེས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་འགྱུར་མེད་ཀྱི་བྱ་སྤྱོད་གང་ལེགས་མཚོན་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། ཚང་མས་འཐོབ་དཀའ་བའི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་མི་སྒེར་གྱི་འབད་འཐབ་ཀྲུང་གོའི་ལུགས་ཀྱི་དེང་རབས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རིང་མཉམ་འདྲེས་ཐུབ་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ནན་ཏན་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ནང་དོན་ལ་གོ་བ་གཏིང་ཟབ། མི་རིགས་ཁག་དབར་སེ་འབྲུ་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་ཁ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་སློབ་གྲྭ་ཆེ་མོ་བ་དང་བོད་ལྗོངས་འཛིན་གྲྭའི་དགེ་སློབ་ལ་སེམས་ཁུར་དང་རྒྱབ་སྐྱོར་དང་། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཞབས་འདེགས་འགན་ལེན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཏན་ཏིག་སེལ་བ་བཅས་བྱས་ནས་ཁོ་ཚོར་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱེད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། ཟླ་བ་ཚེ་རིང་། རྒྱལ་མཚན། བསོད་ནམས་ཉི་མ། མོང་ཞའོ་ལིན། ཧོ་པེ་ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཀྲེང་དང་། ཁོ་ཅུན། ཡན་ཕེང་ཁྲེང་། ཏུང་ཤན་ཧྲེང་། ཧུའུ་ཆི་ཧྲེང་། རན་དབན་ཞང་བཅས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།