དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-29

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོང་ཡན་གྱིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་ལས་ཀའི་གནས་ཚུལ་ཕྱོགས་སྡོམ་དང་མིག་སྔའི་ལས་འགན་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུར་འདས་ཟིན་པའི་ལོ་གཅིག་རིང་རང་ལྗོངས་ཀྱི་རིག་དངོས་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་སྟེ། དམ་པ་དོན་གཉེར་གྱིས་ལས་དོན་ཏན་ཏིག་བསྒྲུབས་ནས་རང་ལྗོངས་ཀྱི་རིག་དངོས་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་དང་། རིག་དངོས་སྲུང་སྐྱོབ་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། རིག་དངོས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ། རིག་དངོས་འཇོག་སའི་མེ་ཟོན་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། རང་ལྗོངས་ཀྱི་རིག་དངོས་ལས་དོན་གྱི་སྤྱིའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས། རིན་ཐང་སྔོག་འདོན་དང་བེད་སྤྱོད་ནུས་ལྡན་བྱས་ནས་རིག་དངོས་ལ་ལྡན་པའི་རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་དང་། བོད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་མི་རིགས་ཁག་དབར་ཡུན་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་དག་གོ་རིམ་ལྡན་པའི་ངང་རྒྱས་བཤད། གསར་བརྗེའི་རིག་དངོས་དང་གསར་བརྗེའི་རྗེས་ཤུལ་གྱི་སློབ་གསོའི་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་སྤུས་དག་འགྲེམས་སྟོན་དང་འགྲེམས་སྟོན་དངོས་རྫས་ཀྱི་གསོན་ཤུགས་སྤེལ་བ། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲིད་སྟོན་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས། ཏང་གིས་དུས་རབས་གསར་པའི་རིག་དངོས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན། དམིགས་ཚད་ལ་བརྟེན་ནས་སྣེ་ཁྲིད་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། རྣམ་གྲངས་ཀྱིས་འདེགས་སྐྱོར། ཕན་འབྲས་ལ་ཞིབ་དཔྱད་བཅས་མཐའ་འཁྱོངས་ཀྱིས་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་རྒྱུན་འཛིན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། རིག་དངོས་སྲུང་སྐྱོབ་ཀྱི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ཤུགས་ཆེན་བྱེད་དགོས། འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ལྗོངས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་གཙོ་གནད་ལས་དོན་གོ་རིམ་ལྡན་ལ་ཕན་འབྲས་ཐོན་པའི་དོན་འཁྱོལ་ནུས་ལྡན་དང་། འབྲེལ་ཡོད་ཚོགས་འདུ་གྲ་སྒྲིག་ཡག་པོ། “གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང་-བོད་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན”གྱི་དྲིལ་བསྒྲགས་འགྲེམས་སྟོན་སྟེགས་བུ་བེད་སྤྱོད་ཡག་པོ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།