བོད་རང་སྐྱོང་ལྗོངས་ཀྱི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་སྲོལ་ཡིག
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2022〕ཡིག་ཨང་12པ།
《བོད་རང་སྐྱོང་ལྗོངས་ཀྱི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་སྲོལ་ཡིག》འདི་2022ལོའི་ཟླ་11ཚེས་15ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཉིས་པའི་ཐོག་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2023ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2022ལོའི་ཟླ་11ཚེས་15ལ།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རྒྱུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་ཕྱོགས་ཚད་ལྡན་བཟོ་བ། སྤྱི་པའི་ཞབས་ཞུ་ནུས་ལྡན་སྒྲུབ་པ། སྤྱི་པའི་ཁེ་ཕན་དང་། དེ་བཞིན་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། སྒྲིག་བཤེར་ལྟ་ཞིབ་དང་། ཁྲིམས་འཛིན། སྲིད་འཛིན་བཅས་ཀྱི་ལས་དོན་དྲང་བདེན་དྲང་གཞག་དང་བདེ་བླག་ངང་སྤེལ་ཐུབ་པའི་འགན་སྲུང་བཅས་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་པར་སྲོལ་ཡིག་འདི་སྤྱད་ན་འཐུས།
སྲོལ་ཡིག་འདིའི་ནང་འཁོད་པའི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་ཞེས་པ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་། ཁྲིམས་འཛིན་ལས་ཁུངས། སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་བཅས་ཀྱིས་རེ་བ་བཏོན་པ་བརྒྱུད། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་སྒྲིག་བཤེར་ལྟ་ཞིབ་དང་། ཁྲིམས་འཛིན། སྲིད་འཛིན་བཅས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་རིན་གོང་ཁ་གསལ་པོ་མེད་པའམ་ཡང་ན་རིན་གོང་ལ་རྩོད་གཞི་ཡོད་རིགས་དང་། ཁྲོམ་རའི་སྙོམ་སྒྲིག་རིན་གོང་ལག་བསྟར་བྱས་པའི་མངོན་ཡོད་ཐོན་རྫས་དང་མངོན་མེད་རྒྱུ་ནོར། དེ་བཞིན་རིགས་མི་འདྲ་བའི་གླ་ལེན་ཞབས་ཞུ་སོགས་གྱོད་འབྲེལ་རྒྱུ་ནོར་ལ་ཁྲིམས་བཞིན་རིན་གོང་གཏན་འཁེལ་བྱེད་པའི་བྱ་སྤྱོད་ལ་ཟེར།
དོན་ཚན་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རིན་གོང་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་ལས་དོན་ལ་མཛུབ་ཁྲིད་དང་། མཐུན་སྦྱོར། ལྟ་སྐུལ་དོ་དམ་བཅས་བྱེད་འགན་འཁུར་རྒྱུ།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་རིགས་མི་འདྲ་བའི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་ལས་དོན་སྒྲུབ་འགན་འཁུར་རྒྱུ།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རྒྱུའི་དོན་གནད་བདག་སྤྲོད་བྱེད་སྐབས་དོ་དམ་བྱེད་ཁོངས་ཀྱི་རྩོད་གཞི་བྱུང་ཚེ། རང་ལས་རིམ་པ་གཅིག་གིས་མཐོ་བའི་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་དམིགས་འཛུགས་བྱས་ནས་གཉེར་ཆོག
དོན་ཚན་བཞི་པ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་སྐབས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་དང་། དྲང་པོ་དྲང་གཞག ཚན་རིག་དང་མཐུན་པ། ནུས་ཆེ། གསང་སྲུང་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས།
རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་ལས་དོན་ཁྲིམས་བཞིན་རང་རྐྱ་འཕེར་བའི་སྒོ་ནས་སྤེལ་དགོས་པ་ལས། ཚན་པ་གང་རུང་ཞིག་གམ་ཡང་ན་མི་སྒེར་སུ་འདྲ་ཞིག་གིས་ཐེ་ཇུས་བྱེད་མི་ཆོག
དོན་ཚན་ལྔ་པ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་མཁན་མི་སྣས་ངེས་པར་དུ་རིན་གོང་གཏན་འཁེལ་སྐོར་གྱི་ཆེད་ལས་སྦྱོང་བརྡར་དང་ལེན་བྱས་ཏེ། རིན་གོང་གཏན་འཁེལ་གྱི་ཆེད་ལས་འཇོན་ཐང་ལྡན་པ་བྱེད་དགོས།
དོན་ཚན་དྲུག་པ། རིན་གོང་གཏན་འཁེལ་ལས་དོན་ལ་མཁོ་བའི་འགྲོ་གྲོན་རྣམས་རིམ་མཚུངས་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་རྒྱུ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་ལས་དོན་སྤེལ་སྐབས་གྲོན་དངུལ་གང་ཡང་ལེན་མི་ཆོག
ལེའུ་གཉིས་པ། རིན་གོང་གཏན་འཁེལ་བྱ་རིམ།
དོན་ཚན་བདུན་པ། རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་རིམ་མཚུངས་མི་དམངས་སྲིད་གཞུང་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པར་རིན་གོང་གཏན་འཁེལ་བྱེད་རེ་ཞུས་ཚེ། ངེས་པར་དུ་རིན་གོང་གཏན་འཁེལ་བྱ་རྒྱུའི་གཞོགས་འདེགས་ཞུ་ཡིག་འབྲི་དགོས་པ་མ་ཟད། རིན་གོང་གཏན་འཁེལ་གྱི་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་དགོས།
རིན་གོང་གཏན་འཁེལ་བྱ་རྒྱུའི་གཞོགས་འདེགས་ཞུ་ཡིག་ནང་ངེས་པར་དུ་གཤམ་གྱི་ནང་དོན་ཚུད་དགོས་པ་སྟེ།
(གཅིག)རིན་གོང་གཏན་འཁེལ་བྱེད་པའི་དམིགས་ཡུལ་དང་།
(གཉིས)གྱོད་འབྲེལ་རྒྱུ་ནོར་གྱི་མིང་དང་། གྲངས་འབོར། སྤུས་ཚད། ཚད་གཞི། སྣ་རིགས། དབྱིབས་རྟགས། འབྱུང་ཁུངས། དེ་བཞིན་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་དུས་ཚོད། གྱོད་འབྲེལ་རྒྱུ་ནོར་དེ་དང་འབྲེལ་བ་ཡོད་པའི་གནས་ཚུལ་གཞན་དག
(གསུམ)རིན་གོང་གི་དོན་སྙིང་།
(བཞི)རིན་གོང་གཏན་འཁེལ་གྱི་གཞི་འཛིན་དུས་ཚོད།
(ལྔ)མཁོ་འདོན་བྱས་པའི་དཔྱད་ཡིག་གི་མིང་དང་ཁ་གྲངས།
(དྲུག) གཞོགས་འདེགས་བྱེད་རེ་ཞུ་བའི་དུས་ཚོད།
(བདུན)རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱི་མིང་དང་། འབྲེལ་གཏུག་ས་གནས། འབྲེལ་གཏུག་མི་སྣ། འབྲེལ་གཏུག་བྱེད་སྟངས།
(བརྒྱད)གསལ་བཤད་རྒྱག་དགོས་པའི་དོན་གནད་གཞན་དག་བཅས་སོ།
རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་གོང་གསལ་དཔྱད་ཡིག་གི་བདེན་དོན་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལ་འགན་འཁུར་རྒྱུ། རིན་གོང་གཏན་འཁེལ་བྱ་རྒྱུའི་གཞོགས་འདེགས་ཞུ་ཡིག་དང་འབྲེལ་ཡོད་དཔྱད་ཡིག་ལ་ངེས་པར་དུ་ཚན་པའི་གཞུང་ཐམ་རྒྱག་དགོས།
དོན་ཚན་བརྒྱད་པ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་རིན་གོང་གཏན་འཁེལ་བྱ་རྒྱུའི་གཞོགས་འདེགས་ཞུ་ཡིག་འབྱོར་རྗེས་ལས་རིམ་ལྟར་རིན་གོང་གཏན་འཁེལ་བྱ་རྒྱུའི་གཞོགས་འདེགས་ཞུ་ཡིག་གི་ནང་དོན་དང་འབྲེལ་ཡོད་དཔྱད་ཡིག་ལ་ཞིབ་དཔྱད་བྱ་རྒྱུ་མ་ཟད། བདག་སྤྲོད་བྱེད་མིན་རང་སར་ཐག་གཅོད་རྒྱུ། རང་སར་ཐག་གཅོད་མ་ཐུབ་ཚེ། ངེས་པར་དུ་གཞོགས་འདེགས་ཞུ་ཡིག་འབྱོར་ཉིན་ནས་བཟུང་གི་ལས་ཉིན་གཉིས་ཀྱི་ནང་བདག་སྤྲོད་བྱེད་མིན་ཐག་གཅོད་དགོས། བདག་སྤྲོད་མ་བྱས་ཚེ། ངེས་པར་དུ་རིན་གོང་གཏན་འཁེལ་བྱེད་རེ་ཞུ་རིགས་བདག་སྤྲོད་མི་བྱ་རྒྱུའི་བརྡ་ཐོ་གཏོང་དགོས་ལ་རྒྱུ་མཚན་གསལ་བཤད་རྒྱག་དགོས།
དོན་ཚན་དགུ་པ། གཤམ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་བདག་སྤྲོད་མ་བྱས་ན་འགྲིག་སྟེ།
(གཅིག)གཏོགས་ཁོངས་བདག་སྐྱོང་ངམ་ཡང་ན་རིམ་དབྱེའི་དོ་དམ་གྱི་བླང་བྱ་དང་མི་འཚམ་པའི་རིགས་དང་།
(གཉིས)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་རིན་གོང་གཏན་འཁེལ་བྱེད་མི་དགོས་པའི་གཏན་འབེབས་བྱས་རིགས།
(གསུམ)རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པའི་གཏན་འཁེལ་བྱེད་ཁོངས་ལས་བརྒལ་བའི་རིགས།
(བཞི)གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རྒྱུའི་དོན་གནད་དེ་འབྲེལ་ཡོད་གཏན་འབེབས་དང་མི་འཚམ་པའི་རིགས།
(ལྔ)གྱོད་འབྲེལ་རྒྱུ་ནོར་རྩ་མེད་སོང་ནས་བསྟན་རྒྱུ་མེད་པ་མ་ཟད། རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་ཞིབ་ཅིང་ཁུངས་འཕེར་བའི་དཔྱད་ཡིག་མཁོ་འདོན་བྱེད་ཐབས་མེད་པའི་རིགས།
(དྲུག)བདག་སྤྲོད་མི་བྱེད་པའི་གནས་ཚུལ་གཞན་དག་བཅས་སོ།
དོན་ཚན་བཅུ་པ། གཤམ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་ངེས་པར་དུ་ཡིག་ཐོག་ནས་རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ལ་འབྲེལ་ཡོད་དཔྱད་ཡིག་ཁ་གསབ་བྱེད་དགོས་པའི་བརྡ་ཐོ་གཏོང་དགོས་པ་སྟེ།
(གཅིག)རིན་གོང་གཏན་འཁེལ་བྱ་རྒྱུའི་གཞོགས་འདེགས་ཞུ་ཡིག་གི་ནང་དོན་དེ་བླང་བྱ་དང་མི་འཚམ་པ་དང་། དེ་བཞིན་འབྲེལ་ཡོད་དཔྱད་ཡིག་ཆ་མ་ཚང་བའི་རིགས་དང་།
(གཉིས)བདེན་རྫུན་དང་། སྤུས་ཚད། ལག་རྩལ་སོགས་ཀྱི་ཆོད་འདོམས་དང་ལྟ་ཞིབ་ཚད་ལེན་གྱི་གོ་ཆོད་སྙན་ཞུ་ངེས་པར་དུ་མཁོ་འདོན་བྱེད་དགོས་ཀྱང་མཁོ་འདོན་མ་བྱས་པའི་རིགས།
(གསུམ)གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་རེ་ཞུ་སྐབས། གྱོད་འབྲེལ་རྒྱུ་ནོར་རྩ་མེད་སོང་ནས་བསྟན་རྒྱུ་མེད་པའམ་ཡང་ན་དེའི་རྣམ་པ་དེ་རིན་གོང་གཏན་འཁེལ་གྱི་གཞི་འཛིན་དུས་ཚོད་དང་བསྡུར་ན་འགྱུར་ལྡོག་ཆེ་ཙམ་བྱུང་ཡོད་ཅིང་། རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་གྱི་གཞི་འཛིན་དུས་ཚོད་ནང་དེའི་རྣམ་པ་གཏན་འཁེལ་བྱས་མེད་པའི་རིགས་བཅས་སོ།
རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་འབྲེལ་ཡོད་དཔྱད་ཡིག་གསབ་སྣོན་བྱས་རྗེས་རིན་གོང་གཏན་འཁེལ་བྱ་རྒྱུ་བདག་སྤྲོད་བྱེད་པའི་ཆ་རྐྱེན་འཛོམས་ཚེ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་ངེས་པར་དུ་འཕྲལ་མར་བདག་སྤྲོད་བྱེད་དགོས།
དོན་ཚན་བཅུ་གཅིག་པ། རིན་གོང་གཏན་འཁེལ་བྱེད་པའི་བརྒྱུད་རིམ་ཁྲོད། གྱོད་འབྲེལ་རྒྱུ་ནོར་ལ་བདེན་རྫུན་དཔྱད་འདོམས་བྱེད་པའམ་ཡང་ན་ལག་རྩལ་དང་སྤུད་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་ཚེ། རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་ངེས་པར་དུ་འབྲེལ་ཡོད་ལྟ་ཞིབ་ཚད་ལེན་ཚན་པར་མངགས་བཅོལ་གྱིས་དཔྱད་འདོམས་དང་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་མ་ཟད། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པར་དཔྱད་འདོམས་དང་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་འབུལ་དགོས།
དོན་ཚན་བཅུ་གཉིས་པ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་ངེས་པར་དུ་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རྒྱུའི་དོན་གནད་བདག་སྤྲོད་བྱས་ཉིན་ནས་བཟུང་གི་ལས་ཉིན་བདུན་གྱི་ནང་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་འདོན་དགོས་ཤིང་། ལོགས་སུ་ཁ་ཆད་ཡོད་ཚེ། ཁ་ཆད་ཀྱི་དུས་བཅད་ནང་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་འདོན་དགོས།
གལ་འགངས་ཆེ་བ་དང་དོགས་གནད་ཆེ་བའམ་ཡང་ན་དམིགས་བསལ་གྱི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རྒྱུ་དེར། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་དགོས་པ་ཡོད་པའི་ངོས་འཛིན་བྱས་པའམ་ཡང་ན་རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་རེ་འདུན་ཞུས་ཚེ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་གཟུ་ཉན་དང་བཞུགས་མོལ་སོགས་བྱ་ཐབས་སྤྱད་དེ། རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་དང་། འབྲེལ་ཡོད་དོ་བདག རིགས་གཅིག་མཁས་ཅན་བཅས་ཀྱིས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་དོན་གནད་ཐད་བཏོན་པའི་བསམ་འཆར་ཉན་ན་འགྲིག
དོན་ཚན་བཅུ་གསུམ་པ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རྒྱུའི་དོན་གནད་གཉེར་སྒྲུབ་བྱེད་སྐབས། ངེས་པར་དུ་མི་གཉིས་ཡན་གྱི་རིན་གོང་གཏན་འཁེལ་བྱེད་མཁན་དམིགས་འཛུགས་བྱས་ཏེ་སྒྲུབ་འགན་འཁུར་དུ་འཇུག་དགོས། རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་ངེས་པར་དུ་རིན་གོང་གཏན་འཁེལ་བྱེད་མཁན་མི་སྣར་གཞོགས་འདེགས་བྱས་ནས་རིན་གོང་གཏན་འཁེལ་གྱི་ལས་དོན་སྤེལ་དགོས།
དོན་ཚན་བཅུ་བཞི་པ། རིན་གོང་གཏན་འཁེལ་བྱེད་མཁན་མི་སྣར་གཤམ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། ངེས་པར་དུ་གཡོལ་དགོས་པ་སྟེ།
(གཅིག)གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རྒྱུའི་དོན་གནད་ཀྱི་དོ་བདག་གམ་ཡང་ན་དེའི་གཉེན་ཉེ་ཡིན་རིགས།
(གཉིས)རང་ཉིད་དམ་ཡང་ན་སོ་སོའི་གཉེན་ཉེ་དེ་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རྒྱུའི་དོན་གནད་དང་ཁེ་གྱོང་གི་འབྲེལ་བ་ཡོད་རིགས།
(གསུམ)གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རྒྱུའི་དོན་གནད་ཀྱི་དོ་བདག་དང་འབྲེལ་བ་གཞན་དག་ཡོད་རྐྱེན་རིན་གོང་གཏན་འཁེལ་དྲང་གཞག་བྱ་རྒྱུར་ཤུགས་རྐྱེན་བཟོ་སྲིད་པའི་རིགས་བཅས་སོ།
རིན་གོང་གཏན་འཁེལ་བྱེད་མཁན་མི་སྣ་གཡོལ་དགོས་མིན་དེ་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པའི་འགན་འཁུར་བས་གཏན་འབེབས་བྱེད་འགན་འཁུར་རྒྱུ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པའི་འགན་འཁུར་བ་གཡོལ་དགོས་མིན་དེ་རིམ་པ་དེ་གའི་རིན་གོང་གཙོ་འགན་སྡེ་ཚན་གྱིས་གཏན་འབེབས་བྱ་རྒྱུ།
དོན་ཚན་བཅོ་ལྔ་པ། རིན་གོང་གཏན་འཁེལ་བྱེད་མཁན་མི་སྣས་ངེས་པར་དུ་ཕྱོགས་ཡོངས་དང་། དོན་དངོས། དྲང་གཞག་བཅས་ཀྱི་ཐོག་ནས་དཔྱད་ཡིག་བསྡུ་རུབ་བྱེད་དགོས་པ་མ་ཟད། དེའི་བདེན་དོན་རང་བཞིན་དང་། ཁྲིམས་མཐུན་རང་བཞིན། འབྲེལ་བའི་རང་བཞིན་བཅས་ལ་ཞིབ་བཤེར་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་པའི་བརྒྱུད་རིམ་ནང་གྱོད་འབྲེལ་རྒྱུ་ནོར་ལ་དཔྱད་ཞིབ་དང་། བརྟག་དཔྱད། ཚོད་རྩིས། རིགས་པས་ཁུངས་སྐྱེལ་བཅས་བྱེད་དགོས།
དོན་ཚན་བཅུ་བདུན་པ། རིན་གོང་གཏན་འཁེལ་བྱེད་མཁན་མི་སྣས་གྱོད་འབྲེལ་རྒྱུ་ནོར་ཐད་དངོས་པོར་དཔྱད་ཞིབ་བྱེད་པའམ་ཡང་ན་རྩད་ཞིབ་བྱས་ཚེ། ཇི་མ་ཇི་བཞིན་ཟིན་ཐོར་འགོད་དགོས། ངོ་བོ་དམིགས་བསལ་ཡིན་ཞིང་ཆེད་ལས་རང་བཞིན་ཤུགས་ཆེ་བའི་གྱོད་འབྲེལ་རྒྱུ་ནོར་ལ་འབྲེལ་ཡོད་ཀྱི་རིགས་གཅིག་མཁས་པ་གདན་འདྲེན་ཞུས་ནས་དཔྱད་ཞིབ་བམ་ཡང་ན་རྩད་ཞིབ་བྱས་ན་ཆོག
དོན་ཚན་བཅོ་བརྒྱད་པ། རིན་གོང་གཏན་འཁེལ་བྱེད་མཁན་མི་སྣས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁྲོམ་རར་བརྟག་དཔྱད་བྱས་ཆོག་པ་མ་ཟད། བརྟག་དཔྱད་བྱས་ཚུལ་ཐོ་འགོད་ཀྱང་བྱེད་དགོས། ཁྲོམ་རའི་བརྟག་དཔྱད་ཟིན་ཐོར་བརྟག་དཔྱད་བྱེད་མཁན་དང་བརྟག་དཔྱད་བྱ་ཡུལ་གཉིས་ཀྱིས་མིང་རྟགས་འགོད་དགོས། བརྟག་དཔྱད་བྱ་ཡུལ་གྱིས་མིང་རྟགས་འགོད་རྒྱུ་ཁས་མ་བླངས་ན། རིན་གོང་གཏན་འཁེལ་བྱེད་མཁན་མི་གཉིས་ཡན་གྱིས་མིང་རྟགས་བཀོད་ཐོག་གནས་ཚུལ་གསལ་པོར་བཀོད་ནས་ཁྲོམ་རའི་བརྟག་དཔྱད་ཟིན་ཐོ་བེད་སྤྱོད་བྱེད་པར་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས།
དོན་ཚན་བཅུ་དགུ་པ། རིན་གོང་གཏན་འཁེལ་བྱེད་མཁན་མི་སྣས་བསྡུ་རུབ་བྱས་པའི་དཔྱད་ཡིག་ལ་ལེགས་སྒྲིག་དབྱེ་ཞིབ་དང་གཞི་གྲངས་ཐག་གཅོད་བྱེད་དགོས་ཤིང་། རིན་གོང་གཏན་འཁེལ་བྱེད་པའི་འབྲེལ་ཡོད་གཏན་འབེབས་དང་སྒྲིག་སྲོལ་ལྟར། གྱོད་འབྲེལ་རྒྱུ་ནོར་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ལུགས་མཐུན་གྱི་ལག་རྩལ་ཐབས་ལམ་དང་བྱེད་ཐབས་བདམས་ནས་ཚོད་རྩིས་བྱེད་དགོས་པ་མ་ཟད། ཚོད་རྩིས་ཀྱི་གསལ་བཤད་གྲུབ་པ་བྱེད་དགོས།
དོན་ཚན་ཉི་ཤུ་པ། རྩ་མེད་སོང་ནས་བསྟན་རྒྱུ་མེད་པའམ་ཡང་ན་རྣམ་པ་བསྒྱུར་ཟིན་པའི་གྱོད་འབྲེལ་རྒྱུ་ནོར་གྱི་རིགས་ཡིན་ཚེ། རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ཚན་པས་གཏན་འཁེལ་བྱས་པའི་དཔང་ཡིག་ལ་གཞིགས་ནས་རིན་གོང་གཏན་འཁེལ་གྱི་གཞི་འཛིན་དུས་ཚོད་ཀྱི་རིགས་མཐུན་དངོས་པོའི་རྣམ་པའི་རིན་གོང་གི་ཆུ་ཚད་འབྲིང་རིམ་ལྟར་རིན་གོང་གཏན་འཁེལ་བྱེད་དགོས།
དོན་ཚན་ཉེར་གཅིག་པ། རིན་གོང་གཏན་འཁེལ་བྱེད་མཁན་མི་སྣས་ཚོད་རྩིས་ཀྱི་གསལ་བཤད་ལ་གཞིགས་ནས་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་ཡི་གེ་འབྲི་དགོས། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་ངེས་པར་དུ་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་ཡི་གེ་དང་འབྲེལ་ཡོད་དཔྱད་ཡིག་ལ་ཞིབ་བཤེར་བྱེད་དགོས་པ་དང་། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་པའི་གལ་འགངས་ཆེ་བ་དང་དོགས་གནད་ཆེ་བའི་དོན་གནད་ལ་ཐུན་མོང་ཐོག་གྲོས་ཞིབ་བྱེད་དགོས།
དོན་ཚན་ཉེར་གཉིས་པ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱས་རྗེས། རིན་གོང་གཏན་འཁེལ་གྱི་ཆོད་འདོམས་ཡི་གེ་འདོན་དགོས། རིན་གོང་གཏན་འཁེལ་གྱི་ཆོད་འདོམས་ཡི་གེའི་ནང་ངེས་པར་དུ་གཤམ་གསལ་གྱི་ནང་དོན་ཚུད་དགོས་པ་སྟེ།
(གཅིག)གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་པའི་དོན་གནད་ཀྱི་གསལ་བཤད་དང་།
(གཉིས)རིན་གོང་གཏན་འཁེལ་བྱེད་པའི་གཞི་འཛིན་ས།
(གསུམ)རིན་གོང་གཏན་འཁེལ་བྱེད་པའི་བརྒྱུད་རིམ་དང་ཐབས་ཤེས།
(བཞི)རིན་གོང་གཏན་འཁེལ་བྱེད་པའི་ཆོད་འདོམས།
(ལྔ)རིན་གོང་གཏན་འཁེལ་བྱེད་པའི་ཚད་བཀག་ཆ་རྐྱེན།
(དྲུག)གསལ་བཤད་བྱེད་དགོས་པའི་དོན་དག་གཞན་དག་བཅས་སོ།
རིན་གོང་གཏན་འཁེལ་གྱི་ཆོད་འདོམས་ཡི་གེའི་ཐོག་ཚན་པའི་གཞུང་ཐམ་རྒྱག་དགོས།
དོན་ཚན་ཉེར་གསུམ་པ། རིན་གོང་གཏན་འཁེལ་གྱི་ཆོད་འདོམས་ཡི་གེ་དེ་གློག་རྡུལ་སྐྱེལ་སྤྲོད་དང་། ཐད་ཀར་སྐྱེལ་སྤྲོད། སྦྲག་ཐོག་ནས་སྐྱེལ་སྤྲོད་སོགས་ཀྱི་བྱ་ཐབས་སྤྱད་དེ་སྐྱེལ་སྤྲོད་བྱས་ཆོག
གསང་སྲུང་དང་འབྲེལ་བ་མེད་པའི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་པའི་དོན་ཚན་ཡིན་ཚེ་གློག་རྡུལ་སྐྱེལ་སྤྲོད་བྱས་ཆོག
ཐད་ཀར་སྐྱེལ་སྤྲོད་བྱ་རྒྱུ་ཡིན་ཚེ། ངེས་པར་དུ་རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ལ་འབྱོར་འཛིན་ཐོག་མིང་རྟགས་འགོད་པའམ་ཐམ་ག་རྒྱག་རྒྱུའི་བླང་བྱ་འདོན་དགོས་པ་མ་ཟད། རྩིས་ལེན་པའི་དུས་ཚོད་དང་དེ་བཞིན་གྲངས་ཚད་ཀྱང་གསལ་པོར་འགོད་དགོས།
སྦྲག་ཐོག་ནས་སྐྱེལ་སྤྲོད་བྱ་རྒྱུ་ཡིན་ཚེ། འབྱོར་འཛིན་ཐོག་བཀོད་པའི་ལག་སོན་ཚེས་གྲངས་དེ་སྐྱེལ་སྤྲོད་ཟིན་པའི་ཚེས་གྲངས་སུ་བརྩི་རྒྱུ། དོན་ཚན་ཉེར་བཞི་པ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་པའི་བརྒྱུད་རིམ་ནང་། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རིམ་མཚམས་འཇོག་བྱ་རྒྱུ་སྟེ།
(གཅིག)རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་ཡིག་ཐོག་ནས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་མཚམས་འཇོག་དགོས་པ་བཏོན་རིགས་དང་།
(གཉིས)རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་གཏན་འབེབས་སམ་ཡང་ན་ཁ་ཆད་བཞག་པའི་དུས་ཚོད་ལྟར་འབྲེལ་ཡོད་རྒྱུ་ཆ་འདོན་སྤྲོད་བྱེད་མི་ཐུབ་པ།
(གསུམ)རྒྱུ་རྐྱེན་གཞན་དག་གི་རྐྱེན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་པའི་ལས་དོན་གནས་སྐབས་རྒྱུན་གཏན་་བཞིན་སྤེལ་ཐབས་བྲལ་བ་བཅས་སོ།
གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རིམ་མཚམས་འཇོག་བྱས་ཚེ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས་པ་མ་ཟད། རྒྱུ་རྐྱེན་གསལ་བཤད་ཀྱང་བྱེད་དགོས། རིན་གོང་གཏན་འཁེལ་བྱེད་མཚམས་འཇོག་པའི་རྒྱུ་རྐྱེན་སེལ་རྗེས། རིན་གོང་གཏན་འཁེལ་བྱ་རིམ་ངེས་པར་དུ་འཕྲལ་མར་སླར་གསོ་བྱེད་དགོས།
དོན་ཚན་ཉེར་ལྔ་པ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་པའི་བརྒྱུད་རིམ་ཁྲོད་གཤམ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རིམ་མཚམས་འཇོག་བྱེད་དགོས་ཏེ།
(གཅིག)རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་ཡིག་ཐོག་ནས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་མཚམས་འཇོག་རྒྱུ་བཏོན་རིགས།
(གཉིས)རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་དཔྱད་ཡིག་ཆ་མི་ཚང་བ་དང་གང་ལེགས་མེད་པ་མ་ཟད། ཁ་སྐོང་དག་བཅོས་བྱ་ཐབས་མེད་པའི་རིགས།
(གསུམ)ལྡོག་མེད་རྐྱེན་ངན་གྱི་རྐྱེན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་མུ་མཐུད་གཏན་འཁེལ་བྱེད་ཐབས་བྲལ་བའི་རིགས།
(བཞི)རྒྱུ་རྐྱེན་གཞན་དག་གི་རྐྱེན་པས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་ལས་དོན་མཚམས་འཇོག་བྱེད་དགོས་རིགས་བཅས་སོ།
གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རིམ་མཚམས་འཇོག་བྱས་ཚེ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས་པ་མ་ཟད། རྒྱུ་མཚན་གསལ་བཤད་བྱེད་དགོས།
ལེའུ་གསུམ་པ། རིན་གོང་གཏན་འཁེལ་གྱི་བསྐྱར་ཞིབ་བྱ་རིམ།
དོན་ཚན་ཉེར་དྲུག་པ། གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་གྱི་བསྐྱར་ཞིབ་ལས་དོན་ཐད་རིམ་དབྱེ་དོ་དམ་དང་། གཏོགས་ཁོངས་བདག་སྐྱོང་། རིམ་པ་བཞིན་བསྐྱར་ཞིབ་བཅས་བྱེད་པའི་རྩ་དོན་ལག་བསྟར་བྱེད་དགོས།
ས་གནས(གྲོང་ཁྱེར)རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་རིན་གོང་གཏན་འཁེལ་གྱི་བསྐྱར་ཞིབ་དོན་གནད་སྒྲུབ་དགོས།
དོན་ཚན་ཉེར་བདུན་པ། རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་སམ་ཡང་ན་བསྐྱར་ཞིབ་ཀྱི་ཆོད་དོན་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ། རིན་གོང་གཏན་འཁེལ་གྱི་ཆོད་འདོམས་སམ་ཡང་ན་བསྐྱར་ཞིབ་ཀྱི་ཆོད་དོན་འབྱོར་ཉིན་ནས་ཉིན་དྲུག་ཅུའི་ནང་ཚུན་དུ་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་སམ་བསྐྱར་ཞིབ་ཀྱི་ཆོད་དོན་འཇོག་མཁན་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པའི་རིམ་པ་གོང་མའི་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པར་རིམ་པ་བཞིན་བསྐྱར་ཞིབ་བྱེད་རེ་ཞུས་ཆོག རིམ་པ་བཞིན་བསྐྱར་ཞིབ་བྱེད་རེ་ཞུ་ཐེངས་གཉིས་ལས་བརྒལ་མི་ཆོག
གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་དོན་གནད་ཀྱི་དོ་བདག་གིས་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་སམ་ཡང་ན་བསྐྱར་ཞིབ་ཀྱི་ཆོད་དོན་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ། ཉིན་དྲུག་ཅུའི་ནང་ཚུན་དུ་རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ལ་བསྐྱར་ཞིབ་བྱ་རྒྱུའི་རེ་འདུན་ཞུས་ཆོག་པ་མ་ཟད། འབྲེལ་ཡོད་ཀྱི་རྒྱུ་མཚན་དང་གཞི་འཛིན་ས་མཁོ་འདོན་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་གཏན་འབེབས་བྱས་པའི་བསྐྱར་ཞིབ་ཐེངས་གཉིས་པའི་ཆོད་དོན་ནང་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་པ་ར་སྤྲོད་ཐུབ་པའི་དཔང་རྟགས་ཁུངས་བཙན་ཡོད་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པར་མཐའ་མའི་བསྐྱར་ཞིབ་ཡོང་རེ་ཞུས་ཆོག་པ་སྟེ།
(གཅིག)གོ་རིམ་འབྲེལ་ཡོད་གཏན་འབེབས་དང་མི་མཐུན་པའི་རིགས་དང་།
(གཉིས)གཞི་འཛིན་ས་སྤྱོད་ནོར་ཤོར་བའི་རིགས།
(གསུམ)བྱ་ཐབས་བདམས་སྤྱོད་བྱེད་སྟངས་མི་འཚམ་པའི་རིགས།
(བཞི)བཅད་གྲངས་ལུགས་མཐུན་མིན་པའི་རིགས།
(ལྔ)ཚོད་རྩིས་བྱེད་ནོར་ཤོར་བའི་རིགས།
(དྲུག)མཐའ་མའི་བསྐྱར་ཞིབ་བྱེད་དགོས་པའི་གནས་ཚུལ་གཞན་དག་བཅས་སོ།
དོན་ཚན་ཉེར་དགུ་པ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་ངེས་པར་དུ་རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་མཁོ་འདོན་བྱས་པའི་རིན་གོང་གཏན་འཁེལ་བསྐྱར་ཞིབ་ཀྱི་རེ་འདུན་ཞུ་ཡིག་དང་འབྲེལ་ཡོད་དཔྱད་ཡིག་ལ་ཞིབ་དཔྱད་བྱེད་དགོས་པ་མ་ཟད། ལས་ཉིན་བཅུའི་ནང་ཚུན་དུ་བདག་སྤྲོད་བྱེད་པའམ་ཡང་ན་བསྐྱར་ཞིབ་བདག་སྤྲོད་མི་བྱ་རྒྱུའི་ཐག་གཅོད་དགོས།
བསྐྱར་ཞིབ་བདག་སྤྲོད་བྱས་ཚེ། ངེས་པར་དུ་རིན་གོང་གཏན་འཁེལ་གྱི་བསྐྱར་ཞིབ་བདག་སྤྲོད་བརྡ་ཐོ་གཏོང་དགོས་པ་མ་ཟད། བསྐྱར་ཞིབ་བདག་སྤྲོད་བྱས་ཉིན་ནས་བཟུང་གི་ལས་ཉིན་དྲུག་ཅུའི་ནང་ཚུན་དུ་བསྐྱར་ཞིབ་བྱ་རྒྱུའི་ཐག་གཅོད་དགོས། ལོགས་སུ་ཁ་ཆད་ཡོད་ཚེ་ཁ་ཆད་ཀྱི་དུས་བཀག་ནང་བསྒྲུབ་རྒྱུ།
བསྐྱར་ཞིབ་བདག་སྤྲོད་མ་བྱས་ཚེ། རིན་གོང་གཏན་འཁེལ་གྱི་བསྐྱར་ཞིབ་བདག་སྤྲོད་མི་བྱ་རྒྱུའི་བརྡ་ཐོ་གཏོང་དགོས་པ་མ་ཟད། རྒྱུ་མཚན་གསལ་བཤད་བྱེད་དགོས།
དོན་ཚན་སུམ་ཅུ་པ། གཤམ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་བསྐྱར་ཞིབ་བདག་སྤྲོད་མི་བྱ་རྒྱུ་སྟེ།
(གཅིག)གཏོགས་ཁོངས་བདག་སྐྱོང་ངམ་ཡང་ན་རིམ་དབྱེ་དོ་དམ་གྱི་བླང་བྱ་དང་མི་འཚམ་པའི་རིགས་དང་།
(གཉིས)གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བསྐྱར་ཞིབ་གནང་རོགས་ཞུ་རྒྱུའི་རེ་འདུན་ཞུ་ཡིག་གི་བསམ་འཆར་མི་མཐུན་པའི་དོན་གནད་དེ་རིན་གོང་གཏན་འཁེལ་བྱེད་ཁོངས་སུ་མི་གཏོགས་པའི་རིགས།
(གསུམ)བསྐྱར་ཞིབ་བྱེད་རེ་ཞུ་བའི་དུས་བཅད་ལས་བརྒལ་བ། (བཞི)བསྐྱར་ཞིབ་བྱེད་རེ་ཞུས་པའི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱ་རྒྱུའི་དོན་གནད་ཁྲོད། གྱོད་འབྲེལ་རྒྱུ་ནོར་དང་རིན་གོང་གཏན་འཁེལ་གྱི་གཞི་འཛིན་དུས་ཚོད་དམ་ཡང་ན་རིན་གོང་གི་དོན་སྙིང་དེ་སྔར་གྱི་རིན་གོང་གཏན་འཁེལ་གྱི་གཞོགས་འདེགས་ཞུ་ཡིག་གམ་ཡང་ན་བསྐྱར་ཞིབ་ཀྱི་རེ་འདུན་ཞུ་ཡིག་ནང་འཁོད་ཀྱི་ནང་དོན་དང་མི་མཐུན་པའི་རིགས།
(ལྔ)རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་བསྐྱར་ཞིབ་བྱེད་པའི་དོན་དངོས་ཀྱི་གཞི་འཛིན་ས་དང་རྒྱུ་མཚན་ཞིབ་ཕྲ་ཁ་གསལ་བཏོན་མེད་པའི་རིགས།
(དྲུག)རིན་གོང་གཏན་འཁེལ་གྱི་ཆོད་འདོམས་ལ་ཤུགས་རྐྱེན་ཐེབས་པའི་དོན་དངོས་ཐད་རྩོད་གཞི་ཡོད་པ་དང་། རིན་གོང་གཏན་འཁེལ་བྱེད་རེ་ཞུ་མཁན་ལས་ཁུངས་ཀྱིས་གཏན་འཁེལ་བྱེད་ཐབས་མེད་པའམ་ཡང་ན་འབྲེལ་ཡོད་ཆེད་ལས་སྡེ་ཚན་ནས་བཏོན་པའི་དཔྱད་འདོམས་སྙན་ཞུ་མི་འདང་བའི་རིགས།
(བདུན)རྒྱལ་སྲིད་སྤྱི་ཁྱབ་ཁང་རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་བསྐྱར་ཞིབ་མཐའ་མ་བྱས་ཟིན་པའི་རིགས།
(བརྒྱད)ཁྲིམས་འཛིན་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་གྱོད་ཐག་བཅད་ཟིན་པ་མ་ཟད། ཁྲིམས་འཛིན་གྱི་གོ་རིམ་གཞན་དག་ནང་བཅུག་མེད་རིགས།
(དགུ)བསྐྱར་ཞིབ་བདག་སྤྲོད་མི་བྱེད་པའི་གནས་ཚུལ་གཞན་དག་བཅས་སོ།
དོན་ཚན་སོ་གཅིག་པ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་རིན་གོང་གཏན་འཁེལ་བསྐྱར་ཞིབ་ཀྱི་དོན་གནད་ལེགས་སྒྲུབ་བྱས་རྗེས། ངེས་པར་དུ་རིན་གོང་གཏན་འཁེལ་བསྐྱར་ཞིབ་ཀྱི་ཆོད་ཡིག་བཏོན་ཏེ། སྔར་གྱི་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་སམ་ཡང་ན་བསྐྱར་ཞིབ་ཀྱི་ཆོད་དོན་སོར་འཇོག་གམ་ཕྱིར་འཐེན་བྱེད་དགོས། དེ་སྔའི་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་སམ་ཡང་ན་བསྐྱར་ཞིབ་ཀྱི་ཆོད་དོན་ཕྱིར་འཐེན་བྱས་ན། ངེས་པར་དུ་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་གསར་པ་འཇོག་དགོས།
དོན་ཚན་སོ་གཉིས་པ། གཤམ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རིན་གོང་གཙོ་འགན་སྡེ་ཚན་གྱི་རིན་གོང་གཏན་འཁེལ་ཚན་པས་ངེས་པར་དུ་དེ་སྔའི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་གྱི་ཆོད་འདོམས་སམ་ཡང་ན་བསྐྱར་ཞིབ་ཀྱི་ཆོད་དོན་ཕྱིར་འཐེན་བྱེད་དགོས་པ་མ་ཟད། རིན་གོང་གཏན་འཁེལ་གྱི་ཆོད་འདོམས་གསར་པ་འཇོག་དགོས་པ་སྟེ།
(གཅིག)ཁྲིམས་བཀོད་གོ་རིམ་དང་འགལ་རིགས་དང་།
(གཉིས)གཞི་འཛིན་ས་སྤྱོད་ནོར་ཤོར་བའི་རིགས།
(གསུམ)བྱ་ཐབས་བདམས་སྤྱོད་མི་འཚམ་པའི་རིགས།
(བཞི)བེད་སྤྱོད་བཅད་གྲངས་ལུགས་དང་མི་མཐུན་པའི་རིགས། (ལྔ)ཚོད་རྩིས་བྱེད་ནོར་ཤོར་བའི་རིགས།
(དྲུག)ངེས་པར་དུ་ཕྱིར་འཐེན་བྱེད་དགོས་པའི་གནས་ཚུལ་གཞན་དག་བཅས་སོ།
ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་སོ་གསུམ་པ། རྒྱལ་ཁབ་ཀྱི་ལས་བྱས་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་བྱེད་པའི་ལས་དོན་ནང་ཁྲིམས་ལྟར་འགན་འཁྲི་མ་བསྒྲུབས་པར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ། ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་པར་བཅའ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་སོ་བཞི་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་ཡོད་ན། གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།
ལེའུ་ལྔ་པ། ཞར་བྱུང་།
དོན་ཚན་སོ་ལྔ་པ། སྲོལ་ཡིག་འདིའི་ནང་འཁོད་པའི་རིན་གོང་གི་དོན་སྙིང་དང་རིན་གོང་གཏན་འཁེལ་གྱི་གཞི་འཛིན་དུས་ཚོད་ཞེས་པའི་གོ་དོན་འདི་ལྟ་སྟེ། རིན་གོང་གི་དོན་སྙིང་ཞེས་པ་ནི་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གནས་སའི་ལྷུ་ཚིགས་དང་ཁུལ་ཁོངས་མི་འདྲ་བ་དང་། དེ་བཞིན་དམིགས་བསལ་གནས་ཚུལ་གཞན་དག་ལ་དམིགས་ནས་རིན་གོང་གཏན་འཁེལ་བྱེད་པར་ཟེར། རིན་གོང་གཏན་འཁེལ་གྱི་གཞི་འཛིན་དུས་ཚོད་ཅེས་པ་ནི་གྱོད་འབྲེལ་རྒྱུ་ནོར་གྱི་གནས་ཚུལ་དང་དེའི་རིན་གོང་གི་དུས་སྒོའི་དུས་ཚོད་ལ་ཟེར།
དོན་ཚན་སོ་དྲུག་པ། སྲོལ་ཡིག་འདི་2023ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། 2011ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་དཔྱད་འདོམས་སྲོལ་ཡིག》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣