དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-03

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2022〕ཡིག་ཨང་16པ།

    《རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》དེ་2022ལོའི་ཟླ་11ཚེས་15ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཉིས་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། ཡོངས་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2022ལོའི་ཟླ་11ཚེས་15ལ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩ་ཁྲིམས་དང་། བཅའ་ཁྲིམས། དེ་བཞིན་ཁྲིམས་སྲོལ་བཅས་ཀྱིས་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་པའི་སྔོན་རྩིས་ཀྱི་ཞིབ་བཤེར་ལྟ་སྐུལ་ལས་འགན་སྒྲུབ་ཆེད། སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ཤུགས་ཆེར་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་ཀྱི་ཞིབ་བཤེར་ལྟ་སྐུལ་ལམ་ལུགས་ཚགས་ཚུད་དུ་གཏོང་བ། སྔོན་རྩིས་ཀྱི་བྱ་སྤྱོད་ཚད་ལྡན་བཟོ་བ། སྔོན་རྩིས་ཀྱི་ལས་རྗེས་ཆེ་རུ་གཏོང་བ། གྲོན་ཆུང་ནན་ཏན་བྱེད་པ་བཅས་ཀྱི་ཐོག་ནས“དོན་ཆེན་བཞི”དང་“འགན་ལེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞི”ལ་ནུས་ཤུགས་སྒྲིལ་བ། “མངོན་པ་གསུམ་དང་ཕན་ཡོད་གཅིག”ལ་སྲུང་བརྩི་དང་ཞབས་འདེགས་ཞུ་བ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་སྔོན་རྩིས་ཀྱི་གལ་ཆེའི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་པར། ངེས་པར་དུ་རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས། དེ་དོན་དམིགས་སུ་ཆོད་དོན་བཞག་པ་གཤམ་གསལ།

    གཅིག ཡོངས་འདུས་ཞིབ་བཤེར་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྡོམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གི་སྔོན་རྩིས་དང་ངེས་རྩིས་ལ་ཡོངས་འདུས་ཞིབ་བཤེར་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྡོམ་བྱེད་སྐབས། ཏང་གིས་འགོ་ཁྲིད་དང་། མི་དམངས་ལ་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་མཐའ་འཁྱོངས་དང་། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས། གཙོ་གནད་ལ་དམིགས་པ་དང་། ཕན་འབྲས་དངོས་ལ་སྣང་ཆེན་བྱས་ཏེ་རྩ་ཁྲིམས་དང་། བཅའ་ཁྲིམས། དེ་བཞིན་ཁྲིམས་སྲོལ་བཅས་ལག་བསྟར་མཐར་ཕྱིན་ཐུབ་པ་དང་། ཏང་ཀྲུང་དབྱང་ཀྱི་མཛད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་ཐུབ་པ་བྱེད་དགོས།

    (གཅིག) ནོར་སྲིད་ཀྱི་སྲིད་ཇུས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    ཞིབ་བཤེར་ལྟ་སྐུལ་བྱ་རྒྱུའི་གཙོ་གནད་ནང་དོན་གྱི་ཁོངས་སུ། ནོར་སྲིད་སྲིད་ཇུས་ནང་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་དང་། རྒྱལ་ཁབ་ཀྱི་གཞི་ཆེའི་སྟངས་འཛིན་གྱི་སྤྱིའི་བླང་བྱ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འབྲེལ་ཡོད་འཆར་འགོད་བཅས་དང་ཕན་ཚུན་འབྲེལ་མཐུད་བྱས་ཚུལ། དུས་འབྲིང་གི་ནོར་སྲིད་འཆར་འགོད་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཏོང་སྒོའི་སྲིད་ཇུས་ཀྱིས་ལོ་འཁོར་སྔོན་རྩིས་ལ་ཚོད་འཛིན་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོ་བརྒལ་སྔོན་རྩིས་ཀྱི་སྙོམས་སྒྲིག་ལམ་སྲོལ་བཙུགས་པའི་གནས་ཚུལ། ནོར་སྲིད་སྲིད་ཇུས་ཀྱི་ལུགས་མཐུན་རང་བཞིན་དང་། ལག་ལེན་བསྟར་འཐུས་ཀྱི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཀྱི་གནས་ཚུལ། ནོར་སྲིད་ཀྱི་སྲིད་ཇུས་བཟོ་འདོན་བྱེད་པའི་བརྒྱུད་རིམ་ནང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་ཉན་འཇོག་གང་ལེགས་བྱས་ཚུལ་སོགས་ཚུད་ཡོད།

    (གཉིས) སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་བསྡོམས་འབོར་དང་གྲུབ་ཆར་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུའི་གཙོ་གནད་ནང་དོན་གྱི་ཁོངས་སུ། གཏོང་སྒོའི་བསྡོམས་འབོར་དང་གྲུབ་ཆའི་ནང་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལ་ནུས་ཤུགས་སྒྲིལ་བ་སོགས་ཀྱི་འཐབ་ཇུས་གལ་ཆེན་དང་གཙོ་གནད་ལས་དོན་དང་ཕན་ཚུན་འབྲེལ་མཐུད་བྱས་ཚུལ། གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་ལེགས་སྒྱུར་བྱེད་པ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་དང་། འཕྲལ་མཁོ་ཆུང་བ་དང་མི་གཏོང་ཀ་མེད་མིན་པའི་གཏོང་སྒོར་ཚོད་འཛིན་ནན་པོ་བྱས་ཏེ། ནོར་སྲིད་ཀྱི་མ་དངུལ་བཀོད་སྒྲིག་གི་ལས་ཕྱོད་དང་བེད་སྤྱོད་བྱས་འབྲས་ཆེ་རུ་བཏང་བ་སོགས་ཀྱི་གནས་ཚུལ། གཏོང་སྒོའི་བསྡོམས་འབོར་འཕར་ཆག་དང་གཏོང་སྒོའི་གྲུབ་ཆ་འགྱུར་ལྡོག་བྱུང་ཚུལ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བའི་གནས་ཚུལ་བཅས་ཚུད་ཡོད།

    གཙོ་གནད་གཏོང་སྒོ་དང་གལ་ཆེའི་མ་འཇོག་རྣམ་གྲངས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་གཙོ་གནད་ནང་དོན་གྱི་ཁོངས་སུ། གཙོ་གནད་གཏོང་སྒོའི་ནང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་བཀོད་སྒྲིག་བླང་བྱ་དང་། རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་དོན་དང་བསྒྱུར་བཅོས་བྱ་ཐབས་གལ་ཆེན་བཅས་ཞིབ་ཕྲ་དོན་འཁྱོལ་བྱས་ཚུལ་དང་། གཙོ་གནད་གཏོང་སྒོའི་སྔོན་རྩིས་དང་གཏོང་སྒོའི་སྲིད་ཇུས་ཕན་ཚུན་འབྲེལ་མཐུད་བྱས་ཚུལ། གཙོ་གནད་གཏོང་སྒོའི་གཞི་ཁྱོན་འགྱུར་ལྡོག་དང་གྲུབ་ཆ་ལེགས་སྒྱུར་གྱི་གནས་ཚུལ། གཙོ་གནད་གཏོང་སྒོའི་ཐབས་ཇུས་རིགས་སྒྲུབ་དང་། སྲིད་ཇུས་ཀྱི་དམིགས་ཚད། ལས་རྗེས་སོགས་ཀྱི་གནས་ཚུལ། གལ་ཆེའི་མ་འཇོག་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་དང་། རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་འཆར་གཞི། གཙོ་གནད་ཆེད་དམིགས་ལས་འགུལ་གྱི་འཆར་གཞི་སོགས་དང་ཕན་ཚུན་འབྲེལ་མཐུད་བྱས་ཚུལ། མ་དངུལ་གྲབས་གསོག་དང་། ཐབས་ཇུས་རིགས་སྒྲུབ། མ་དངུལ་གཅིག་གྱུར་འཆར་འགོད། མ་གནས་ཚོད་འཛིན་ནན་པོ། ལག་བསྟར་བྱེད་ཚད་དང་ལག་བསྟར་བྱས་འབྲས་སོགས་ཀྱི་ལས་འཁོར་ཧྲིལ་པོར་དོ་དམ་བྱས་ཚུལ་བཅས་ཚུད་ཡོད།

    སྡེ་ཚན་གྱི་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུའི་གཙོ་གནད་ནང་དོན་གྱི་ཁོངས་སུ། སྡེ་ཚན་གྱི་གཏོང་ཡོང་ཁག་ཚང་མ་སྡེ་ཚན་གྱི་སྔོན་རྩིས་ནང་བཅུག་པའི་གནས་ཚུལ་དང་། སྡེ་ཚན་གྱི་སྔོན་རྩིས་དང་འབྲེལ་ཡོད་གཏོང་སྒོའི་སྲིད་ཇུས་དང་། དེ་བཞིན་སྡེ་ཚན་གྱི་འགན་ནུས་དང་དེས་འགན་འཁུར་བའི་གཙོ་གནད་ལས་དོན། གལ་ཆེའི་བསྒྱུར་བཅོས་ལས་འགན་བཅས་དང་འབྲེལ་མཐུད་གང་འཚམ་བྱས་ཚུལ། སྡེ་ཚན་གྱིས་གསར་སྣོན་རྒྱུ་ནོར་བགོ་སྒྲིག་དང་། གསོག་ཐེབས་རྒྱུ་ནོར་ཕན་སྒྱུར། མ་དངུལ་ལྷག་འཕྲོ་དང་འཕྲོས་སྒྱུར་མ་དངུལ་བེད་སྤྱོད་བཅས་བྱས་ཚུལ། རྣམ་གྲངས་མཛོད་འཛུགས་སྐྲུན་བྱས་ཚུལ། གལ་བྲེལ་ཆེ་ཆུང་དང་། རྣམ་གྲངས་ལེགས་སྒྱུར་གྱི་གོ་རིམ་བཞིན་རྣམ་གྲངས་ཀྱི་སྔོན་རྩིས་བཀོད་སྒྲིག་བྱས་ཚུལ། སྡེ་ཚན་གྱི་གཙོ་གནད་རྣམ་གྲངས་ཀྱི་སྔོན་རྩིས་བཀོད་སྒྲིག་དང་ལས་རྗེས་དམིགས་ཚད་གཏན་འཁེལ་དང་མངོན་འགྱུར་བྱས་ཚུལ་དང་དཔྱད་གདེང་བྱས་འབྲས་བེད་སྤྱོད་བྱས་ཚུལ། ཞིབ་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་གནད་དོན་རིགས་སྡེ་ཚན་གྱིས་བཅོས་སྒྲིག་དོན་འཁྱོལ་སོགས་བྱས་ཚུལ་ཚུད་ཡོད།

    ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུའི་གཙོ་གནད་ནང་དོན་གྱི་ཁོངས་སུ། མ་དངུལ་སྒྱུར་སྤྲོད་བྱ་རྒྱུ་བཀོད་སྒྲིག་དང་ལག་བསྟར་བྱས་ཚུལ་དེ་ནོར་སྲིད་ཀྱི་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་མཐུན་སྒྲིག་བྱས་ཚུལ་དང་། ས་གནས་ཁག་དང་གྲོང་ཁྱེར་ཁག་གི་ནོར་ཤུགས་དོ་སྙོམས་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཡོང་རྒྱུར་སྐུལ་འདེད་བཏང་ཚུལ། ཀྲུང་དབྱང་གིས་སྔ་བསྣུར་དུ་རང་སྐྱོང་ལྗོངས་ལ་གཤམ་སྤྲོད་བྱས་པའི་སྒྱུར་སྤྲོད་ཚོད་རྩིས་དངུལ་གྲངས་དེ་སྔོན་ལ་སྔོན་རྩིས་ནང་བཅུག་པའི་གནས་ཚུལ། མ་དངུལ་སྒྱུར་སྤྲོད་ཀྱི་སྔོན་རྩིས་གཤམ་སྤྲོད་དང་། བེད་སྤྱོད། ལས་རྗེས་དཔྱད་གདེང་སོགས་བྱ་རྒྱུར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཚུལ། མ་དངུལ་སྒྱུར་སྤྲོད་ཀྱི་ལམ་ལུགས་ཚགས་ཚུད་དང་ཚད་ལྡན་དུ་བཏང་བ་དང་། མ་དངུལ་སྒྱུར་སྤྲོད་ཀྱི་གྲུབ་ཆ་ལེགས་སུ་བཏང་བའི་གནས་ཚུལ་བཅས་ཚུད་ཡོད།

    སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུའི་གཙོ་གནད་ནང་དོན་གྱི་ཁོངས་སུ། སྔོན་རྩིས་ཀྱི་ཡོང་འབབ་འཕར་ཆག་བྱུང་རྐྱེན་ལ་དབྱེ་ཞིབ་སྔོན་དཔག་དང་སྔོན་རྩིས་ཡོང་འབབ་བཀོད་སྒྲིག་བྱས་པ་དེ་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་དང་རྒྱལ་ཁབ་ཀྱི་གཞི་ཆེའི་སྟངས་འཛིན་གྱི་སྤྱིའི་བླང་བྱ་དང་ཕན་ཚུན་འཚམ་མཐུན་བྱུང་ཚུལ་དང་། ཁྲིམས་སྒྲིག་ལྟར་སྔོན་རྩིས་ཀྱི་ཡོང་འབབ་བསྡུ་ལེན་བྱས་པ་དེ་དོན་དངོས་དང་མཐུན་ཞིང་ཆ་ཚང་པོ་བྱུང་བའི་གནས་ཚུལ། ཁྲལ་བསྡུའི་ཡོང་འབབ་ཁག་དང་དེ་མཚུངས་ཀྱི་ཁྲལ་གཞི་ཕན་ཚུན་མཐུན་སྦྱོར་བྱས་ཚུལ། སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་འགྱུར་ལྡོག་བྱུང་བ་དང་། གྲུབ་ཆ་ལེགས་སུ་བཏང་བ། སྤུས་ཚད་མཐོ་རུ་བཏང་བ་བཅས་ཀྱི་གནས་ཚུལ། རིགས་ཁག་གི་སྲིད་གཞུང་རང་བཞིན་གྱི་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་དང་དོ་དམ་བྱས་ཚུལ། དཔྱ་ཁྲལ་ཡོང་འབབ་མིན་པའི་རིགས་ལ་དོ་དམ་བྱེད་ལམ་ཁྲིམས་ལྟར་ཚད་ལྡན་བཟོ་བ་སོགས་ཀྱི་གནས་ཚུལ་བཅས་ཚུད་ཡོད།

    (གསུམ) སྲིད་གཞུང་གི་བུ་ལོན་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    ཞིབ་བཤེར་ལྟ་སྐུལ་བྱ་རྒྱུའི་གཙོ་གནད་ནང་དོན་གྱི་ཁོངས་སུ། སྲིད་གཞུང་གི་བུན་འཛིན་མ་དངུལ་བཀོད་སྒྲིག་བྱས་པ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་འཚམ་མིན་དང་། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཆུ་ཚད་དང་མཐུན་མིན། སྲིད་གཞུང་བུ་ལོན་གྱི་སྤྱིའི་གཞི་ཁྱོན་དང་གསར་དུ་བསྣན་པའི་བུ་ལོན་བཅད་གྲངས་དེ་རང་སྐྱོང་ལྗོངས་ཀྱི་འབྱོར་སྟོབས་ཀྱི་ཆུ་ཚད་དང་། མ་འཇལ་སྐྱེད་སྤྲོད་ཀྱི་འཆར་གཞི། བུན་འཇལ་མ་དངུལ་གྱི་ཡོང་ཁུངས་སོགས་དང་ཕན་ཚུན་ག་མཚུངས་པ་བཅས་ཀྱི་གནས་ཚུལ། སྲིད་གཞུང་བུ་ལོན་དེ་སྔོན་རྩིས་ཀྱི་དོ་དམ་བྱེད་ཁོངས་སུ་བཅུག་ནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང་གཅིག་གྱུར་འཆར་འགོད་ཀྱིས་འབྲེལ་མཐུད་བྱས་ཚུལ། གསར་དུ་བསྣན་པའི་སྤྱིར་བཏང་གི་བུ་ལོན་དང་ཆེད་དམིགས་བུ་ལོན་རྣམ་གྲངས་ཀྱི་བཀོད་སྒྲིག་དེ་སྒྲིག་སྲོལ་དང་མཐུན་པ་དང་། ཚན་རིག་དང་མཐུན་པ། དེ་བཞིན་ལས་འཁོར་ཧྲིལ་པོའི་གཏོང་ཡོང་དོ་མཉམ་བྱུང་བ་བཅས་ཀྱི་གནས་ཚུལ། བུན་འཛིན་འགྲེམས་སྤེལ་དང་། དོ་དམ་བེད་སྤྱོད། འཇལ་སྤྲོད་བཅས་བྱས་ཚུལ། བུ་ལོན་ཟུག་ཚད་དང་སྐྱེད་ཀ་སྤྲོད་ཚད་སོགས་ཀྱི་དམིགས་ཚད་ལྟར་སྲིད་གཞུང་གི་བུན་འཇལ་ཉེན་ཁར་ཚོད་སྐོར་བྱས་ནས་འཕྲལ་བསྟུན་ཐག་གཅོད་བྱེད་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། བུན་འཇལ་གྱི་ཉེན་ཁ་བརྟན་པོའི་ངང་གང་ཐུབ་སེལ་བ་སོགས་ཀྱི་གནས་ཚུལ་བཅས་ཚུད་ཡོད།

    (བཞི) སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    ཞིབ་བཤེར་ལྟ་སྐུལ་བྱ་རྒྱུའི་གཙོ་གནད་ནང་དོན་གྱི་ཁོངས་སུ། ཐེབས་རྩའི་རྣམ་གྲངས་གསར་འཛུགས་དང་། བསྡུ་ལེན། བེད་སྤྱོད། དུས་ཚད་བཅས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པའི་གནས་ཚུལ་དང་། གཏོང་ཡོང་སྲིད་ཇུས་དང་སྔོན་རྩིས་བཀོད་སྒྲིག་ལུགས་དང་མཐུན་ཞིང་། ལག་བསྟར་ཐུབ་པ་དང་རྒྱུན་མཐུད་ཐུབ་པའི་གནས་ཚུལ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོ་བེད་སྤྱོད་དང་འཕྲོས་སྒྱུར་བྱས་ཚུལ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་རྣམ་གྲངས་ཀྱི་ལས་རྗེས་དང་ཚོད་སྐོར་ལེགས་སྒྲིག་སོགས་བྱས་ཚུལ་བཅས་ཚུད་ཡོད།

    (ལྔ) གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    ཞིབ་བཤེར་ལྟ་སྐུལ་གྱི་གཙོ་གནད་ནང་དོན་གྱི་ཁོངས་སུ། སྔོན་རྩིས་ཀྱི་ཁྱབ་ཁོངས་ཆ་ཚང་པོ་དང་ལམ་ལུགས་ཚད་ལྡན་བཟོས་པའི་གནས་ཚུལ། གཞུང་ཁོངས་མ་རྩ་གྲངས་ཚང་གོང་འབུལ་ཞུས་པའི་ཁེ་འབབ་དང་། རྒྱུ་ནོར་བདག་དབང་ནང་བཤུག་བཏང་བ་སོགས་ཀྱི་ཡོང་འབབ་བྱུང་ཚུལ། གཏོང་སྒོའི་གྲུབ་ཆ་དང་། བེད་སྤྱོད་བྱེད་ཕྱོགས། རྣམ་གྲངས་བཅས་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་སྲིད་ཇུས་བཅས་དང་མཐུན་ཚུལ། རང་སྐྱོང་ལྗོངས་ཀྱིས་གཞུང་ཁོངས་མ་རྩའི་བཀོད་ཁྱབ་ལེགས་སུ་གཏོང་རྒྱུ་དང་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཉིས་ཕན་ཚུན་འབྲེལ་མཐུད་བྱས་ཚུལ། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སུ་བསྒྱུར་ཚུལ། སྲིད་གཞུང་གི་མ་འཇོག་ཐེབས་རྩར་དོ་དམ་བྱས་ཚུལ་བཅས་ཚུད་ཡོད།

    (དྲུག) སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    ཞིབ་བཤེར་ལྟ་སྐུལ་བྱ་རྒྱུའི་གཙོ་གནད་ནང་དོན་གྱི་ཁོངས་སུ། ཐེབས་རྩ་ཁག་གི་གཏོང་ཡོང་བཀོད་སྒྲིག་དང་། ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ། སྔོན་རྩིས་དོ་སྙོམས་བཅས་ཀྱི་གནས་ཚུལ་དང་། སྔོན་རྩིས་ནང་སྤྱི་ཚོགས་འགན་སྲུང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བཏང་ཚུལ། སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་མཁན་མི་གྲངས་དང་ཐོབ་ཐང་གི་ཚད་གཞི་འགྱུར་ལྡོག་སོགས་བྱུང་རྐྱེན་དང་ཕན་ཚུན་འཚམ་མཐུན་བྱུང་བའི་གནས་ཚུལ། ཐེབས་རྩའི་ལས་རྗེས་དང་གཉེར་སྐྱོང་མ་འཇོག་གི་གནས་ཚུལ། དུས་ཡུན་རིང་འབྲིང་གི་གཏོང་ཡོང་སྔོན་དཔག་དང་དེ་བཞིན་ཐེབས་རྩ་སྐྱོན་བྲལ་ངང་རྒྱུན་མཐུད་འཁོར་སྐྱོད་ཐུབ་པ་སོགས་ཀྱི་གནས་ཚུལ་བཅས་ཚུད་ཡོད།

    (བདུན) སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་སྔོན་རྩིས་དང་ངེས་རྩིས་ཀྱི་གསལ་ཆ་ཆེ་རུ་གཏོང་དགོས།

    ཡོངས་བསྒྲགས་རྒྱུན་ལྡན་ཅན་དང་ཡོངས་བསྒྲགས་མི་བྱེད་རྒྱུ་དམིགས་བསལ་དུ་བཟུང་ནས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་སྡེ་ཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་གནང་བའི་སྔོན་རྩིས་དང་ངེས་རྩིས་ཁྲིམས་བཞིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཡོད་མེད་ལ་ལྟ་སྐུལ་བྱ་རྒྱུ་མ་ཟད། ཆད་ལུས་མེད་པ་དང་ཡང་དག་པའི་སྒོ་ནས་སྲིད་གཞུང་གི་བུ་ལོན་ལ་དོ་དམ་དང་། རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་གནད་དོན་བཅོས་སྒྲིག ལས་རྗེས་དཔྱད་གདེང་བྱས་འབྲས་སོགས་ཀྱི་ཆ་འཕྲིན་གསལ་ཞུ་བཅས་བྱས་ནས་སྤྱི་ཚོགས་ཀྱིས་དོ་ཁུར་ཤུགས་ཆེ་བྱེད་པའི་གནད་དོན་ལ་བརྡ་ལན་ཧུར་ཐག་བསློགས་ཏེ་རང་འགུལ་གྱིས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།

    གཉིས། སྔོན་རྩིས་བཟོ་སྒྲིག་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    སྔོན་རྩིས་ཀྱི་ཁྲིམས་བཀོད་རྩ་དོན་མཐའ་འཁྱོངས་ཀྱིས། གཏོང་ཡོང་གི་སྔོན་རྩིས་ཁྱོན་ཡོངས་དང་ཆ་ཚང་བའི་སྒོ་ནས་བཟོ་སྒྲིག་བྱས་ཏེ། སྔོན་རྩིས་ཚན་རིག་ཅན་དང་ཞིབ་ཕྲ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། སྔོན་རྩིས་ཀྱི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དུས་ཚོད་ལྟར་རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་བཟོ་སྒྲིག་བྱེད་དགོས། རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་ནང་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་བཅས་ཀྱི་གཏན་འབེབས་ལྟར་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་སྲིད་ཇུས་ཁ་གསལ་གོ་བདེ་དང་། ཚད་གཞི་ཚན་རིག་དང་མཐུན་པ། བཀོད་སྒྲིག་ལུགས་དང་མཐུན་པ་བཅས་ཡོད་པའི་ཐོག་ནས། ལྟ་ཀློག་བྱེད་རིན་དང་ཞིབ་བཤེར་བྱེད་རིན་ཤུགས་ཆེར་གཏོང་དགོས།

    རང་སྐྱོང་ལྗོངས་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འཆར་ཟིན་ནང་ངེས་པར་དུ་སྔོན་རྩིས་ཀྱི་གཏོང་ཡོང་གནས་ཚུལ་གྱི་རེའུ་མིག་དང་། མ་དངུལ་སྒྱུར་སྤྲོད་ཀྱི་སྔོན་རྩིས་རེའུ་མིག གཞི་རྩའི་འཛུགས་སྐྲུན་གྱི་གཏོང་སྒོའི་རེའུ་མིག སྲིད་གཞུང་བུ་ལོན་གྱི་གནས་ཚུལ་རེའུ་མིག་སོགས་རིམ་འགོད་བྱས་ནས། གཏོང་ཡོང་གི་སྔོན་རྩིས་བཀོད་སྒྲིག་བྱས་ཚུལ་དང་མ་དངུལ་སྒྱུར་སྤྲོད་ཀྱི་ལས་རྗེས་དམིགས་ཚད་ཐད་ཀྱི་གནས་ཚུལ་གསལ་བཤད་བྱེད་དགོས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འཆར་ཟིན་ནང་ངེས་པར་དུ་ཐེབས་རྩའི་རྣམ་གྲངས་ལྟར་ཁག་སོ་སོར་རིམ་སྒྲིག་དང་གསལ་བཤད་བྱེད་དགོས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་རྣམ་གྲངས་ཀྱི་གཏོང་སྒོ་དེ་ཞིབ་ཕྲའི་རྣམ་གྲངས་ནང་རིམ་སྒྲིག་ཞིབ་གསལ་བྱས་ཏེ་མ་དངུལ་ལྷག་འཕྲོ་དང་འཕྲོས་སྒྱུར་མ་དངུལ། དེ་བཞིན་ལས་རྗེས་དམིགས་ཚད་བཅས་ཀྱི་གནས་ཚུལ་གསལ་བཤད་བྱེད་དགོས། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་འཆར་ཟིན་ནང་འཁོད་ཡོང་འབབ་དེ་ལས་རིགས་སམ་ཁེ་ལས་སུ་རིམ་སྒྲིག་བྱས་ཏེ། སྔོན་རྩིས་ནང་བཅུག་པའི་ཁེ་ལས་ཚན་པའི་ལོ་གོང་མའི་ནོར་དོན་གཉེར་སྐྱོང་གི་སྤྱི་ཡོངས་གནས་ཚུལ་གསལ་བཤད་བྱེད་དགོས་པ་དང་། གཏོང་སྒོའི་ནང་བེད་སྤྱོད་བྱེད་ཕྱོགས་དང་སྤྱོད་སྒོ་རིམ་སྒྲིག་བྱས་ནས་རྣམ་གྲངས་བཀོད་སྒྲིག་གི་གཞི་འཛིན་ས་དང་ལས་རྗེས་དམིགས་ཚད་གསལ་བཤད་བྱེད་དགོས། སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩའི་སྔོན་རྩིས་འཆར་ཟིན་ནང་ངེས་པར་དུ་འགན་བཅོལ་རྣམ་གྲངས་ལྟར་བཟོ་སྒྲིག་བྱས་ཏེ་སྔོན་རྩིས་བཟོ་སྒྲིག་བྱེད་ཁོངས་ཀྱི་འགན་བཅོལ་རིགས་ཁག་སོ་སོའི་ཐེབས་རྩའི་སྔོན་རྩིས་ཀྱི་གཏོང་ཡོང་དང་ལྷག་འཕྲོའི་གནས་ཚུལ་དང་། སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་གྱི་གནས་ཚུལ་མངོན་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩ་རྒྱུན་མཐུད་འཁོར་སྐྱོད་ཐུབ་པའི་གནས་ཚུལ་ཡང་གསལ་བཤད་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་ཞིབ་བཤེར་དོན་བྱེད་ཚན་པར་དུས་ཐོག་ཏུ་རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་བཟོ་སྒྲིག་བྱས་ཚུལ་བརྡ་ཁྱབ་གཏོང་དགོས། སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱིས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་ཉན་འཇོག་བྱས་ཚུལ་དང་ཟུང་འབྲེལ་བྱེད་དགོས་པ་མ་ཟད། སྔོན་རྩིས་ཀྱི་དྲ་སྦྲེལ་ལྟ་སྐུལ་མ་ལག་གི་གྲངས་གཞིར་དབྱེ་ཞིབ་བྱས་འབྲས་སྤྱད་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནོར་སྲིད་སོགས་སྡེ་ཚན་དང་འབྲེལ་མཐུད་དམ་ཟབ་བྱས་ནས་ལོ་འཁོར་སྔོན་རྩིས་སྐོར་གྱི་དབྱེ་ཞིབ་སྙན་ཞུ་ཞིབ་འཇུག་བྱས་ཏེ་འདོན་དགོས།

    གསུམ། སྔོན་རྩིས་འཆར་ཟིན་གྱི་ཐོག་མའི་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས།

    ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཐོག་མའི་ཞིབ་བཤེར་བྱེད་པའི་དུས་མཚམས་སུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ། འབྲེལ་ཡོད་ཁྱབ་ཁོངས་དང་སྡེ་ཚན་གྱི་སྔོན་རྩིས་ཀྱི་ཐོག་མའི་ཇུས་གཞི་དང་། དེ་བཞིན་སྒྱུར་སྤྲོད་མ་དངུལ་དང་སྲིད་ཇུས་བཅས་ལ་ཆེད་དོན་ཞིབ་བཤེར་བྱས་ནས་ཆེད་དོན་ཞིབ་བཤེར་བསམ་འཆར་འདོན་དགོས། ཆེད་དོན་ཞིབ་བཤེར་བསམ་འཆར་ནང་འབྲེལ་ཡོད་གཏོང་སྒོའི་སྔོན་རྩིས་མང་དུ་གཏོང་རྒྱུའི་གྲོས་འཆར་དེ་ངེས་པར་དུ་གཏོང་སྒོའི་སྔོན་རྩིས་གཞན་དག་ཉུང་དུ་གཏོང་རྒྱུའི་གྲོས་འགོ་དང་དུས་གཅིག་ཏུ་བཏོན་ནས་སྔོན་རྩིས་ཀྱི་དོ་མཉམ་རང་བཞིན་དང་། ཆ་ཚང་རང་བཞིན། གཅིག་གྱུར་རང་བཞིན་བཅས་བརྟན་འཁྱོངས་ཐུབ་པ་བྱེད་དགོས། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཞིབ་བཤེར་བསམ་འཆར་དེ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་སྐྱེལ་དགོས་ཤིང་། དགོས་ངེས་སྐབས་སུ་ཐོག་མའི་ཞིབ་བཤེར་བསམ་འཆར་གྱི་ཟུར་ཡིག་ལ་བརྩིས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམ་པར་པར་འགྲེམས་བྱེད་དགོས།

    ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་འཆར་ཟིན་གྱི་ཐོག་མའི་ཇུས་གཞིར་ཐོག་མའི་ཞིབ་བཤེར་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གཙོ་གནད་གནད་དོན་ལ་ཆེད་དོན་གྲོས་ཞིབ་བྱས་ནས་ཐོག་མའི་ཞིབ་བཤེར་བསམ་འཆར་འདོན་དགོས། ཐོག་མའི་ཞིབ་བཤེར་བྱེད་པའི་ཁྲོད་རྩད་ཆོད་ཐུབ་པའི་གནད་དོན་གལ་ཆེན་དེ་དག་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་ཤིང་། དགོས་ངེས་སྐབས་སུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ལ་སྙན་སེང་ཞུ་དགོས།

    བཞི། སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    སྔོན་རྩིས་སྔོན་དང་གཏོང་སྒོ་རྗེས་ལ་ཡོད་པ་མཐའ་འཁྱོངས་ཀྱིས་སྔོན་རྩིས་གཏོང་སྒོའི་ཁྲིམས་བཀོད་རྩ་དོན་ལ་ནན་པོར་གཞིགས་ཏེ་རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ལ་ཁྲིམས་བཞིན་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པས་ངེས་པར་དུ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ལ་དུས་ཐོག་ཏུ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་དོན་འཁྱོལ་བྱས་ཚུལ་གོང་འབུལ་ཞུ་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་དང་སྔོན་རྩིས་དྲ་སྦྲེལ་གཞི་གྲངས་འབུལ་སྐྱེལ་བྱེད་ལམ་བཙུགས་ཏེ། དུས་བཀག་ལྟར་གཞི་ཆེའི་དཔལ་འབྱོར་དང་། དངུལ་རྩ། རྩིས་བཤེར། ཁྲལ་དོན། བསྡོམས་རྩིས། སྤྱི་ཚོགས་འགན་སྲུང་། གཞུང་ཁོངས་རྒྱུ་ནོར་སོགས་ཐད་ཀྱི་སྲིད་ཇུས་ལམ་ལུགས་དང་གཞི་གྲངས་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ལྟར་སྔོན་རྩིས་དོན་འཁྱོལ་གྱི་སྙན་ཞུའི་རེའུ་མིག་མཁོ་འདོན་བྱས་ནས་སྔོན་རྩིས་གཏོང་ཡོང་དང་སྲིད་གཞུང་བུ་ལོན་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་གསལ་ཞུ་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་ལས་ཀའི་སྙན་ཞུ་ཉན་ནས་གྲོས་ཞིབ་དང་། ཁྲིམས་སྒྱུར་ཞིབ་བཤེར། ལྟ་ཞིབ། ཆེད་དོན་བརྟག་ཞིབ། ཆེད་དོན་འདྲི་རྩད། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་བྱ་རྒྱུར་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ། གཙོ་གནད་ཀྱི་གཏོང་ཡོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། སྔོན་རྩིས་ལག་བསྟར། ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད། དེ་བཞིན་གཙོ་གནད་ཁྱབ་ཁོངས་ཀྱི་ནོར་སྲིད་མ་དངུལ་བགོ་བཤའ་བེད་སྤྱོད་དང་། གལ་ཆེའི་མ་འཇོག་རྣམ་གྲངས་དོན་འཁྱོལ་བཅས་བྱས་ཚུལ་དང་། སྲིད་གཞུང་བུ་ལོན་ལ་དོ་དམ་བྱས་ཚུལ་བཅས་ཀྱི་ཐད་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལོ་རེའི་ཟླ་བདུན་པ་ནས་དགུ་པའི་བར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ལོ་འཁོར་དེ་གའི་དུས་མཚམས་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུ་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་དང་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་དུས་ཚིགས་རེར་སྔོན་རྩིས་དོན་འཁྱོལ་དང་། འབྲེལ་ཡོད་སྲིད་ཇུས་ལག་བསྟར། གཙོ་གནད་རྣམ་གྲངས་སྒྲུབ་ཚད་བཅས་ཀྱི་གནས་ཚུལ་མཁོ་འདོན་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཡོངས་འདུས་ཞིབ་བཤེར་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྡོམ་བྱ་རྒྱུའི་བླང་བྱ་གཞིར་བཟུང་། སྔོན་རྩིས་དྲ་སྦྲེལ་གྱི་ལྟ་སྐུལ་མ་ལག་གསར་འཛུགས་དང་བེད་སྤྱོད་ཡག་པོ་བྱེད་དགོས། གཞི་གྲངས་མཉམ་སྤྱོད་དང་མཐུན་སྦྱོར་བྱེད་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྔོན་རྩིས་དོན་འཁྱོལ་བྱེད་རིང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་བརྒྱུད་ནས་དུས་བཀག་ལྟར་འབྲེལ་ཡོད་ཀྱི་གཞི་གྲངས་ཆ་འཕྲིན་བརྒྱུད་སྐྱེལ་བྱས་ཏེ་གཞི་གྲངས་ཀྱི་ཆ་ཚང་རང་བཞིན་དང་། ཡང་དག་རང་བཞིན། དུས་ཐོག་རང་བཞིན་བཅས་འགན་ལེན་བྱེད་དགོས། སྔོན་རྩིས་ཀྱི་དྲ་སྦྲེལ་ལྟ་སྐུལ་ལས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དུས་ཐོག་ཏུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པར་བརྡ་ཁྱབ་གཏོང་དགོས་ལ། འབྲེལ་ཡོད་སྡེ་ཚན་དང་ཚན་པས་ངེས་པར་དུ་ཞིབ་དཔྱད་ཐག་གཅོད་བྱེད་དགོས་པ་མ་ཟད་དུས་ཐོག་ཏུ་ཐག་གཅོད་བྱས་ཚུལ་ལན་སྤྲོད་དགོས།

    ལྔ། སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    རང་སྐྱོང་ལྗོངས་རིམ་པ་དེ་གའི་སྔོན་རྩིས་དོན་འཁྱོལ་བྱེད་རིང་། སྔོན་རྩིས་ཀྱི་སྤྱིའི་གཏོང་སྒོ་མང་གཏོང་ངམ་ཉུང་འཕྲི་དང་། སྔོན་རྩིས་སྙོམ་སྒྲིག་ཐེབས་རྩའི་ནང་སྒྱུར་འཇུག སྔོན་རྩིས་བཀོད་སྒྲིག་གི་གཙོ་གནད་གཏོང་སྒོ་ཉུང་གཏོང་། བུ་ལོན་ལེན་པ་དང་གཡར་བའི་གྲངས་འབོར་མང་གཏོང་བཅས་བྱེད་དགོས་ཚེ། ཁྲིམས་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཞིབ་བཤེར་དང་ཆོག་མཆན་གནང་རོགས་ཞུ་དགོས། སྔོན་རྩིས་སྙོམ་སྒྲིག་བྱ་རྒྱུར་ཚོད་འཛིན་ནན་པོ་བྱེད་དགོས་ཤིང་། གལ་ཆེའི་དོན་གནད་ཀྱི་རྐྱེན་པས་སྙོམ་སྒྲིག་བྱེད་དགོས་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང་《བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ལག་བསྟར་ནན་པོ་བྱེད་དགོས།

    སྔོན་རྩིས་དོན་འཁྱོལ་བྱེད་རིང་ནོར་སྲིད་ཀྱི་ཡོང་འབབ་དང་གཏོང་སྒོ་མང་དུ་གཏོང་རྒྱུའི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་བཟོ་འདོན་བྱེད་པའམ། ཡང་ན་སྔོན་རྩིས་གཏོང་ཡོང་གི་གྲུབ་ཆར་འགྱུར་ལྡོག་ཆེན་པོ་བྱུང་ཕྱིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས། སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱིས་དུས་ཐོག་ཏུ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་གཏོང་དགོས་པ་དང་། དགོས་ངེས་སྐབས་སུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུ་དགོས།

    དྲུག ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོ་རེའི་ཟླ་བདུན་པར་ལོ་གོང་མའི་རིམ་པ་དེ་གའི་ངེས་རྩིས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་དང་། ལོ་གོང་མའི་སྔོན་རྩིས་དོན་འཁྱོལ་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱེད་པའི་ལས་དོན་སྙན་ཞུ་ཉན་འཇོག་དང་དེར་གྲོས་ཞིབ་བྱེད་དགོས་ལ། ལོ་གོང་མའི་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་དགོས། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་ལས་དོན་གྱི་སྙན་ཞུ་དང་ཟུང་འབྲེལ་བྱས་ཏེ། ལོ་གོང་མའི་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་ལ་ཐོག་མའི་ཞིབ་བཤེར་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཟོ་སྒྲིག་བྱས་པའི་རང་སྐྱོང་ལྗོངས་རིམ་པའི་ངེས་རྩིས་འཆར་ཟིན་ནང་ངེས་པར་དུ་བདེན་ཐུབ་དང་། ཡང་དག་པ། ཆ་ཚང་བ་བཅས་ཀྱི་སྒོ་ནས་སྔོན་རྩིས་དོན་འཁྱོལ་བྱས་འབྲས་མངོན་དགོས་པ་དང་། ངེས་རྩིས་འཆར་ཟིན་དེ་ངེས་པར་དུ་སྔོན་རྩིས་དང་ག་མཚུངས་དགོས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཆོག་མཆན་སྤྲད་པའི་སྔོན་རྩིས་ནང་འཁོད་པའི་རྩིས་ཚན་ལྟར་བཟོ་སྒྲིག་བྱེད་དགོས་པ་དང་། སྔོན་རྩིས་གྲངས་དང་། ལེགས་སྒྲིག་བྱས་པའི་སྔོན་རྩིས་གྲངས། དེ་བཞིན་ངེས་རྩིས་གྲངས་བཅས་ཁག་སོ་སོར་འགོད་དགོས་པ་མ་ཟད། ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ནས་གྲངས་འབོར་འགྱུར་ལྡོག་ཆེ་ཙམ་བྱུང་བའི་རྩིས་ཚན་ལ་ངེས་པར་དུ་གསལ་བཤད་བྱེད་དགོས། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་དེ་ངེས་པར་དུ་བྱེད་ནུས་ལྟར་རིགས་བཀར་ནས་རྣམ་གྲངས་རིམ་སྒྲིག་བྱེད་དགོས་པ་དང་། དཔལ་འབྱོར་གྱི་ངོ་བོ་ལྟར་རིགས་བཀར་ཏེ་དངུལ་གྲངས་རིམ་སྒྲིག་བྱེད་དགོས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་དང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོ། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་གཏོང་སྒོ་བཅས་ངེས་པར་དུ་བྱེད་ནུས་ལྟར་རིགས་བཀར་ནས་རྣམ་གྲངས་རིམ་སྒྲིག་བྱེད་དགོས།

    བདུན། སྔོན་རྩིས་ཀྱི་ལས་རྗེས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཕྱོགས་མཐའ་ཀུན་དང་། བརྒྱུད་རིམ་ཧྲིལ་པོ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་ཐོག་ནས་ལས་རྗེས་ལ་ལྟ་སྐུལ་བྱས་ཏེ། སྔོན་རྩིས་ངེས་རྩིས་དང་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིར་ཞིབ་བཤེར་དང་། སྔོན་རྩིས་དོན་འཁྱོལ་ལ་ལྟ་སྐུལ། རྩིས་བཤེར་བཅོས་སྒྲིག་ལ་རྗེས་སྙེག་ལྟ་སྐུལ་སོགས་བྱེད་པའི་ལས་དོན་དང་ཟུང་འབྲེལ་གྱིས་གཙོ་གནད་གཏོང་སྒོ་དང་གལ་ཆེའི་རྣམ་གྲངས་ཀྱི་ལས་རྗེས་དམིགས་ཚད་དང་། ལས་རྗེས་ཚོད་སྐོར་བྱས་འབྲས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དགོས་ངེས་སྐབས་སུ་སྔོན་རྩིས་ལས་རྗེས་ཀྱི་གཟུ་ཉན་ཚོགས་འདུ་སྐོང་འཚོག་བྱེད་དགོས།

    སྡེ་ཚན་ཁག་དང་ཚན་པ་ཁག་གིས་ངེས་པར་དུ་ཕྱོགས་ཡོངས་ནས་སྔོན་རྩིས་ཀྱི་ལས་རྗེས་ལ་དོ་དམ་བྱས་ཏེ། སྔོན་ཚུད་ནས་ལས་རྗེས་ཚོད་སྐོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རྗེས་དམིགས་ཚད་ལ་དོ་དམ་ནན་པོ་བྱེད་པ། སྔོན་རྩིས་ཀྱི་ལས་རྗེས་དམིགས་ཚད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་རྗེས་ཚོད་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། གྲུབ་འབྲས་དང་ཕན་འབྲས་ཀྱི་དཔྱད་གདེང་བྱས་འབྲས་སྤྱོད་ཤུགས་ཆེ་རུ་གཏོང་བ་དང་། ཕན་འབྲས་ཀྱི་དཔྱད་གདེང་བྱས་འབྲས་དེ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྔོན་རྩིས་བཀོད་སྒྲིག་བྱ་རྒྱུ། དོ་དམ་བྱེད་ལམ་ལེགས་བཅོས་བྱ་རྒྱུ་བཅས་དང་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་སྟེ། ཕན་འབྲས་ཀྱི་དམིགས་འབེན་གལ་ཆེན་དང་། ཕན་འབྲས་ཀྱི་དཔྱད་གདེང་བྱས་འབྲས། དེ་བཞིན་ངེས་རྩིས་འཆར་ཟིན་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དུས་མཉམ་དུ་ཞིབ་བཤེར་བྱ་རྒྱུར་སྙན་འབུལ་ཞུ་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ལོ་འཁོར་མོའི་སྔོན་རྩིས་ལས་རྗེས་ལ་དཔྱད་གདེང་བྱེད་པའི་གཙོ་གནད་རྣམ་གྲངས་ཀྱི་འཆར་གཞི་ཞིབ་འཇུག་གཏན་འཁེལ་བྱེད་སྐབས། ངེས་པར་དུ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པ་དང་སྦྲགས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གཙོ་གནད་ལྟ་སྐུལ་ལས་དོན་དང་སྦྲེལ་མཐུད་བྱས་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།

    བརྒྱད། སྔོན་རྩིས་དོན་འཁྱོལ་དང་ངེས་རྩིས་རྩིས་བཤེར་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རྩིས་བཤེར་སྡེ་ཚན་གྱིས་ངེས་པར་དུ་བདེན་ཐུབ་ཡིན་པ་དང་། ཁྲིམས་དང་མཐུན་པ། ཕན་འབྲས་ཐོན་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ལོ་གོང་མའི་རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་ནོར་སྲིད་ཀྱི་གཏོང་ཡོང་གནས་ཚུལ་གཞན་དག དེ་བཞིན་ངེས་རྩིས་འཆར་ཟིན་བཅས་ལ་རྩིས་བཤེར་ལྟ་སྐུལ་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྔོན་རྩིས་དོན་འཁྱོལ་བྱ་རྒྱུ་དང་ངེས་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱ་རྒྱུར་རྒྱབ་སྐྱོར་དང་ཞབས་ཞུ་བྱེད་དགོས། རྩིས་བཤེར་ལས་དོན་གྱི་སྙན་ཞུའི་ནང་ངེས་པར་དུ་ལོ་གོང་མའི་རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་དོན་འཁྱོལ་དང་ངེས་རྩིས་ཀྱི་འཆར་ཟིན་དང་། གལ་ཆེའི་སྲིད་ཇུས་ལག་བསྟར་བྱེད་པ། ནོར་སྲིད་མ་དངུལ་གྱི་ལས་རྗེས། སྲིད་གཞུང་བུ་ལོན་དོ་དམ་བེད་སྤྱོད་བྱེད་པ། དེ་བཞིན་གཞུང་ཁོངས་ཐོན་ཁུངས་དང་གཞུང་ཁོངས་རྒྱུ་ནོར་སོགས་ལ་རྩིས་བཤེར་བྱེད་པ་བཅས་ཀྱི་གནས་ཚུལ་གཙོ་གནད་དུ་སྙན་སེང་ཞུས་ཐོག རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་གནད་དོན་ཆ་ཚང་ལ་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་གསལ་ཞུ་བྱེད་པ་དང་། གནད་དོན་འབྱུང་རྐྱེན་གསལ་སྟོན་བྱེད་པ། ལས་དོན་ལེགས་བཅོས་བྱ་རྒྱུའི་གྲོས་འགོ་འདོན་པ་མ་ཟད། རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་གནད་དོན་གཙོ་བོའི་གསལ་ཐོ་སོགས་ཟུར་བཀོད་ཡིག་ཆ་མཁོ་འདོན་བྱེད་དགོས། རྩིས་བཤེར་བྱས་འབྲས་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་གནད་དོན་དེ་དག་ཁྲིམས་བཞིན་དུས་ཐོག་ཏུ་ཡོ་བསྲང་དང་ཐག་གཅོད་བྱེད་དགོས་པ་དང་། འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་གནད་དོན་བཅོས་སྒྲིག་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་བཟོ་རྒྱུར་སྐུལ་འདེད་གཏོང་དགོས། དགོས་ངེས་སྐབས་སུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྩིས་བཤེར་ལས་དོན་སྙན་སྒྲོན་ལ་གྲོས་ཐག་བཅད་ཆོག

    ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ངམ་ཡང་ན་སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱིས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རྩིས་བཤེར་སྡེ་ཚན་དང་ཆ་འཕྲིན་སྤེལ་རེས་དང་ལས་དོན་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རྩིས་བཤེར་སྡེ་ཚན་གྱིས་ལོ་འཁོར་མོའི་རྩིས་བཤེར་ལྟ་སྐུལ་གྱི་གཙོ་གནད་ནང་དོན་དང་རྣམ་གྲངས་ཞིབ་འཇུག་གཏན་འཁེལ་བྱེད་སྐབས་ངེས་པར་དུ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ལས་ཀའི་གཙོ་གནད་དང་སྦྲེལ་མཐུད་བྱས་ནས་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ལག་བསྟར་དང་། སྲིད་གཞུང་བུ་ལོན། སྔོན་རྩིས་ཀྱི་ལས་རྗེས། གཞུང་ཁོངས་རྒྱུ་ནོར་དོ་དམ་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་བསྐྱེད་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།

    དགུ། རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་ལས་ཀའི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་པ་དང་། ཆེད་དོན་འདྲི་རྩད་བྱེད་པ། བློ་མོས་ཆེ་ཆུང་ལ་ལྟ་བ་སོགས་ཀྱི་བྱེད་ཐབས་ཟུང་འབྲེལ་བེད་སྤྱོད་བྱས་ཏེ། རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་མངོན་ཆེའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་རྗེས་འདེད་ལྟ་སྐུལ་བྱས་ཏེ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་བཏང་ཐོག བཅོས་སྒྲིག་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་དེ་སྒྲིག་བཤེར་གྱི་ལྟ་ཞིབ་ལྟ་སྐུལ་དང་རྩིས་བཤེར་གྱི་ལྟ་སྐུལ་གཉིས་དང་ཟུང་འབྲེལ་མཐུན་སྦྱོར་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་སྟེ། ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོ་རེའི་ཟླ་བཅུ་གཅིག་པར་རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་དགོས་པ་དང་། དགོས་མཁོར་གཞིགས་ནས་རྩིས་བཤེར་བྱས་ཏེ་རྩད་ཆོད་ཐུབ་པའི་མངོན་ཆེའི་གནད་དོན་དང་འབྲེལ་བ་ཡོད་པའི་འགན་འཁུར་སྡེ་ཚན་དང་ཚན་པའི་རྣམ་གྲངས་རྐྱང་མའི་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུ་ཉན་ཆོག་པ་མ་ཟད། ཐབས་ལམ་འཚོལ་ཞིབ་ཀྱིས་བློ་མོས་ཆེ་ཆུང་ལ་བལྟས་ཆོག

    དགོས་ངེས་སྐབས་སུ་རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་གྲོས་ཐག་བཅད་ཆོག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྙན་འབུལ་ཞུས་པའི་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུ་དེ་ངེས་པར་དུ་རྩིས་བཤེར་ལས་དོན་སྙན་ཞུའི་ནང་མངོན་པའི་གནད་དོན་དང་བཏོན་པའི་གྲོས་འགོ་དང་ག་མཚུངས་དགོས་པ་དང་། ངེས་པར་དུ་རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་མངོན་ཆེའི་གནད་དོན་བཅོས་སྒྲིག་བྱས་ཚུལ་དང་། བཅོས་སྒྲིག་བྱས་འབྲས། འཐུས་ཚང་དུ་བཏང་བའི་སྒྲིག་སྲོལ་ལམ་སྲོལ། བཅོས་སྒྲིག་བྱས་མེད་པའི་གནད་དོན་གྱི་རྐྱེན་རྩ། དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་སྤེལ་ཐབས་སོགས་ཀྱི་ནང་དོན་གཙོ་གནད་དུ་སྙན་སེང་ཞུ་དགོས་པ་མ་ཟད། རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་མངོན་ཆེའི་གནད་དོན་གྱི་རྣམ་གྲངས་རྐྱང་མའི་བཅོས་སྒྲིག་བྱས་འབྲས་དང་ཞིབ་ཕྲའི་བཅོས་སྒྲིག་གསལ་ཐོ་དེ་ཟུར་ཡིག་གི་རྣམ་པའི་ཐོག་ནས་མཁོ་འདོན་བྱེད་དགོས།

    བཅུ། ཁྲིམས་བཞིན་སྙན་དཔོད་ལས་དོན་ལག་བསྟར་བྱེད་པ་དང་། སྔོན་རྩིས་ཀྱི་བཅའ་ཁྲིམས་འགན་འཁྲི་ཤུགས་ཆེར་གཏོང་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཟོ་འདོན་བྱས་པའི་སྔོན་རྩིས་སྐོར་གྱི་སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་། རང་སྐྱོང་ལྗོངས་ཀྱིས་ས་གནས་གྲོང་ཁྱེར་གྱི་ནོར་སྲིད་ལམ་སྲོལ་དང་ཆེད་དམིགས་མ་དངུལ་སྒྱུར་སྤྲོད་བྱ་རྒྱུར་དམིགས་པའི་ཞིབ་ཕྲའི་བྱ་ཐབས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཕྱོགས་བསྡུས་ནོར་དོན་སྙན་ཞུ། དེ་བཞིན་ངེས་པར་དུ་སྙན་དཔོད་ཞུ་དགོས་པའི་དོན་གནད་གཞན་དག་བཅས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་དུས་ཐོག་ཏུ་སྙན་དཔོད་ཞུ་དགོས། སྔོན་རྩིས་སྐོར་གྱི་གལ་ཆེའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་འདོན་མ་བྱས་གོང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ལ་བརྡ་ཁྱབ་གཏོང་དགོས། དགོས་ངེས་སྐབས་སུ། ཁྲིམས་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུ་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་ལས་དོན་སྤེལ་ནས་ཤེས་རྟོགས་བྱུང་བའི་གནད་དོན་དེ་དག་འབྲེལ་ཡོད་ལས་ཁུངས་དང་། སྡེ་ཚན་ཚན་པ། དེ་བཞིན་རིམ་པ་འོག་མའི་མི་དམངས་སྲིད་གཞུང་ཁག་བཅས་ཀྱིས་ངེས་པར་དུ་འཕྲལ་མར་ཞིབ་འཇུག་ཐག་གཅོད་བྱེད་དགོས་པ་དང་། སྔོན་རྩིས་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་བའི་རིགས་ལ་ཁྲིམས་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས། སྲིད་དོན་གྱི་ཆད་པ་གཅོད་དགོས་རིགས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་དོན་བྱེད་ལས་ཁུངས་ཀྱིས་ལྟ་ཞིབ་ལས་ཁུངས་ལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས།

    བཅུ་གཅིག མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། བློ་འདྲིའི་རིགས་གཅིག་མཁས་པ། ཆེད་དོན་ལས་ཁུངས་བཅས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས།

    ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱིས་ངེས་པར་དུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔོན་རྩིས་ཞིབ་བཤེར་བྱེད་སྐབས་འཐུས་མིར་འབྲེལ་གཏུག་བྱེད་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ཀྱིས་སྔོན་རྩིས་ཞིབ་བཤེར་དང་ལྟ་སྐུལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཐེ་ཞུགས་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ནན་ཏན་གྱིས་ཉན་པ། འཐུས་མིས་བཏོན་པའི་གྲོས་གཞི་དང་གྲོས་འགོ་གཙོ་གནད་དུ་བཟུང་ནས་སྒྲུབ་སྐུལ་བྱེད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་སྡེ་ཚན་གྱིས་ལས་དོན་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནོར་སྲིད་སོཌ་སྡེ་ཚན་གྱིས་ངེས་པར་དུ་བཞུཌ་མོལ་ཚོགས་འདུ་དང་། བརྡ་ཁྱབ་ཚོགས་འདུ། ཆེད་དོན་བརྟག་ཞིབ། གྲོས་གཞི་གཉེར་སྒྲུབ། དེ་བཞིན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཟིགས་ཞིབ་ཏུ་གདན་འདྲེན་ཞུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཉན་འཇོག་བྱ་རྒྱུ་དེ་སྔོན་རྩིས་བཟོ་སྒྲིག་བྱེད་པ་དང་། སྲིད་ཇུས་བཟོ་འདོན་བྱེད་པ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཐུབ་པ་བྱས་ནས་འཐུས་མིའི་དོ་ཁུར་བྱེད་གནད་ལ་རང་འགུལ་ངང་བརྡ་ལན་སློག་དགོས།

    བློ་འདྲིའི་རིགས་གཅིག་མཁས་པ་དང་ཆེད་དོན་ལས་ཁུངས་ཀྱི་ཆེད་ལས་སྟོབས་ཤུགས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་དང་། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ལ་ཁ་ཕྱོགས་ནས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་ལས་དོན་སྤེལ་བའི་འདེགས་སྐྱོར་ཞབས་ཞུའི་ལམ་སྲོལ་རིམ་བཞིན་ཆགས་པར་བྱེད་དགོས། དགོས་མཁོ་ལྟར་བློ་འདྲིའི་རིགས་གཅིག་མཁས་པ་དང་སྤྱི་ཚོགས་མཚམས་སྦྱོར་ལས་ཁུངས་ལ་མངགས་བཅོལ་བྱས་ཏེ། ཁྲིམས་བཟོའི་བརྟག་ཞིབ་དང་། ཆེད་དོན་བརྟག་ཞིབ། རྗེས་འདེད་ལྟ་སྐུལ། ཆེད་དོན་ཚོད་སྐོར། སྔོན་རྩིས་ངེས་རྩིས་ཀྱི་ཐོག་མའི་ཞིབ་བཤེར་སོགས་བྱ་རྒྱུའི་ཐད་ཆེད་ལས་ཅན་གྱི་བློ་འདྲི་དང་ཞབས་ཞུ་མཁོ་འདོན་བྱས་ཏེ། ཁྱོན་ཡོངས་ནས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།

    བཅུ་གཉིས། སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱི་འགན་འཁྲི་འཐུས་སྒོ་ཚང་དུ་གཏོང་དགོས།

    སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དོན་བྱེད་ལས་ཁུངས་ཡིན་ཞིང་། དེས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྔོན་རྩིས་ངེས་རྩིས་ལ་ཞིབ་བཤེར་དང་། སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཞིབ་བཤེར། སྔོན་རྩིས་དོན་འཁྱོལ་ལ་ལྟ་སྐུལ་བཅས་བྱེད་པའི་ཐད་ཀྱི་ཞིབ་ཕྲའི་ལས་ཀ་སྒྲུབ་འགན་འཁུར་དགོས་པ་དང་། གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་དང་། རྩིས་བཤེར་བྱས་ནས་རྩད་ཆོད་ཐུབ་པའི་མངོན་ཆེའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་རྗེས་སྙེག་ལྟ་སྐུལ་བྱ་རྒྱུའི་ཞིབ་ཕྲའི་ལས་ཀ་སྒྲུབ་འགན་འཁུར་དགོས་པ། སྔོན་རྩིས་དང་གཞུང་ཁོངས་རྒྱུ་ནོར་ལ་དྲ་སྦྲེལ་ལྟ་སྐུལ་བྱ་རྒྱུའི་ཐད་ཀྱི་ཞིབ་ཕྲའི་ལས་ཀ་སྒྲུབ་འགན་འཁུར་དགོས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་བཀའ་མངགས་ལྟར་འབྲེལ་ཡོད་ཁྲིམས་སྲོལ་འཆར་ཟིན་ཟིན་འགོད་བྱེད་པ་དང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་ཁྲིམས་སྲོལ་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་ཐད་ཀྱི་ཞིབ་ཕྲའི་ལས་ཀ་སྒྲུབ་འགན་འཁུར་དགོས་པ། ཆོད་དོན་འདིའི་ནང་གཏན་ལ་ཕབ་པའི་རིགས་དང་། རྒྱུན་ལས་ཨུ་ལྷན་དང་ཀྲུའུ་རེན་ཚོགས་འདུས་བསྒྲུབ་རྒྱུར་རྩིས་སྤྲད་པ། དེ་བཞིན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས་པའི་ནོར་སྲིད་སྔོན་རྩིས་དང་འབྲེལ་བ་ཡོད་པའི་ཞིབ་ཕྲའི་དོན་གནད་གཉེར་སྒྲུབ་བྱེད་འགན་འཁུར་དགོས་པ་བཅས་ཡིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་ཐོག་མོས་མཐུན་བྱས་པ་བརྒྱུད་སྔོན་རྩིས་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱིས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པར་སྔོན་རྩིས་ཀྱི་གནས་ཚུལ་མཁོ་འདོན་བྱ་རྒྱུའི་བླང་བྱ་བཏོན་ཆོག་པ་མ་ཟད། འབྲེལ་ཡོད་ཆ་འཕྲིན་དང་། དཔྱད་ཡིག གསལ་བཤད་བཅས་བླངས་ཆོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་ཐོག་ཆོག་མཆན་གནང་བ་བརྒྱུད། སྡེ་ཚན་ཁག་དང་། སྔོན་རྩིས་ཚན་པ་ཁག འཛུགས་སྐྲུན་རྣམ་གྲངས་གལ་ཆེན་བཅས་ཀྱི་སྔོན་རྩིས་མ་དངུལ་བེད་སྤྱོད་དང་ཆེད་སྤྱོད་མ་དངུལ་བེད་སྤྱོད་བྱས་ཚུལ་ལ་བརྟག་དཔྱད་བྱས་ཆོག་ཅིང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པས་ངེས་པར་དུ་གཞོགས་འདེགས་ཧུར་ཐག་བྱེད་དགོས།

    ཆོད་དོན་འདི་ཡོངས་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།