དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-01

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    【2022】ཡིག་ཨང་11པ།

    《བོད་རང་སྐྱོང་ལྗོངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་སྲོལ་ཡིག》འདི་2022ལོའི་ཟླ་11ཚེས་15ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཉིས་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2023ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲིགས་འདི་སྤེལ་བ་ཡིན།

                                              བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

                                                 2022ལོའི་ཟླ་11ཚེས་15ལ།

    དོན་ཚན་དང་པོ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་། ཚོད་འཛིན། གཙང་སེལ། རྩ་མེད་གཏོང་བ་བཅས་བྱས་ནས་གསོ་སྤེལ་ལས་རིགས་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ་དང་། མི་ཕྱུགས་གཉིས་ཀར་འགོས་ཉེན་ཡོད་པའི་རིམས་ནད་ལ་འགོག་ཟོན་བྱ་རྒྱུ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་མིའི་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་། དེར་ལྟ་སྐུལ་དོ་དམ་བྱ་རྒྱུར་སྤྱད་ན་འཐུས།

    དོན་ཚན་གསུམ་པ། སྲོག་ཆགས་ཀྱི་རིམས་ནད་ཐད་སྔོན་འགོག་གཙོ་བོར་བཟུང་ཞིང་། སྔོན་འགོག་ཚོད་འཛིན་དང་། གཙང་སེལ། རྩ་མེད་གཏོང་བ་བཅས་ཟུང་འབྲེལ་བྱེད་ཕྱོགས་ལག་བསྟར་བྱ་རྒྱུ། རང་སྐྱོང་ལྗོངས་སུ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁེ་ལས་ཀྱིས་གཙོ་འགན་འཁུར་བ། ལས་རིགས་ཀྱིས་རང་གཅུན་བྱེད་པ། སྤྱི་ཚོགས་ཡོངས་ཐེ་ཞུགས་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་རྒྱུ།

    དོན་ཚན་བཞི་པ། སྲོག་ཆགས་གསོ་ཚགས་དང་། བཤས་གཏོང་། ཚོང་གཉེར། ལོགས་འཇོག དབོར་འདྲེན། དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་ཐོན་སྐྱེད་དང་། ཚོང་གཉེར། བཟོ་སྣོན། གསོག་ཉར་སོགས་བྱེད་མཁན་ཚན་པ་དང་མི་སྒེར་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱི་གཏན་འབེབས་གཞིར་བཟུང་རིམས་ནད་སྔོན་འགོག་དང་། དུག་སེལ། བརྟག་དཔྱད། ལོགས་འཇོག གཙང་སེལ། རྩ་མེད་གཏོང་བ། གནོད་མེད་གཙང་སེལ་སོགས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་འབྲེལ་ཡོད་འགན་འཁྲི་འཁུར་དགོས།

    དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་ལས་དོན་ཐད་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་འཆར་འགོད་བཟོ་བ་དང་འབྲེལ་ལག་བསྟར་བྱེད་དུ་འཇུག་པ་བཅས་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱ་ཐབས་ནུས་ལྡན་སྤྱད་ནས་གཞི་རིམ་གྱི་ལས་ཁུངས་དཔུང་ཁག་སྲ་བརྟན་དུ་བཏང་སྟེ་སྲོག་ཆགས་ཀྱི་རིམས་འགོག་རིམས་བཤེར་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་ཕྱུགས་ལས་སྨན་པའི་དཔུང་ཁག་ཧྲག་སྒྲིག་བྱེད་པ། སྒྲིག་ཆས་འགན་སྲུང་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ། གསོ་སྤེལ་གྱི་གཞི་ཁྱོན་དང་ལས་འགན་གཉིས་དང་འཚམ་པའི་རིམས་འགོག་རིམས་བཤེར་གྱི་ཆེད་ལས་ལག་རྩལ་པ་བཀོད་སྒྲིག་བཅས་བྱེད་དགོས་པ་མ་ཟད། དེའི་ལས་རྗེས་དེ་གོ་མིང་དཔྱད་ཞིབ་ཀྱི་ཞིབ་དཔྱད་ཁྱབ་ཁོངས་སུ་འཇུག་རྒྱུ།

    ཤང་གྲོང་རྡལ་མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་མང་ཚོགས་སྒྲིག་འཛུགས་བྱས་ནས་གཏོགས་ཁོངས་དེ་གའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་གཞོགས་འདེགས་བྱེད་དགོས།

    དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་སྲོག་ཆགས་ཀྱི་རིམས་འགོག་ལས་དོན་ཐད་གཙོ་འགན་འཁུར་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། གྲོང་ཁྱེར་དོ་དམ། གྲོང་ཁྱེར་ལྟ་སྐུལ་དོ་དམ། ནགས་ལས་རྩྭ་ཐང་། འགྲིམ་འགྲུལ་སྐྱེལ་འདྲེན། ཚན་རྩལ་སོགས་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་འགག་སྒོ་བཅས་ཀྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་ལ་རིམས་བཤེར་བྱེད་འགན་འཁུར་དགོས།

    རྫོང་རིམ་ཡན་མི་དམངས་སྲིད་གཞུང་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་དང་། བརྟག་དཔྱད། ནད་ངོ་འཛིན་པ། རིམས་ནད་རིག་པའི་བརྟག་དཔྱད། རིམས་ནད་སྙན་ཞུ། དེ་བཞིན་སྔོན་འགོག་དང་ཚོད་འཛིན་སོགས་ལག་རྩལ་ལས་དོན་གཞན་དག་བཅས་ལ་འགན་འཁུར་དགོས། སྲོག་ཆགས་ཀྱི་རིམས་ནད་གཙང་སེལ་དང་རྩ་མེད་གཏོང་རྒྱུའི་ལག་རྩལ་ལས་དོན་ལ་འགན་འཁུར་དགོས།

    དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་ཁོངས་ཀྱི་ལག་རྩལ་གསར་པ་དང་། སྒྲིག་ཆས་གསར་པ། ཐོན་རྫས་གསར་པ་སོགས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས།

    རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན། གསར་འགྱུར་སྨྱན་སྦྱོར་བཅས་ཀྱིས་ངེས་པར་དུ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲོག་ཆགས་ཀྱི་རིམས་འགོག་ཤེས་བྱ་བཅས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། གྲོང་ཁྱེར་དོ་དམ། ཁྲོམ་ར་ལྟ་སྐུལ་དོ་དམ། ནགས་ལས་རྩ་ཐང་། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་འགག་སྒོ་བཅས་དང་མཉམ་དུ་སྲོག་ཆགས་ཀྱི་རིམས་ནད་འགོག་ཟོན་བྱེད་པའི་མཉམ་ལས་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་དང་མི་ཕྱུགས་གཉིས་ཀར་འགོས་ཉེན་ཡོད་པའི་རིམས་ནད་འགོག་ཟོན། དེ་བཞིན་བདག་མེད་སྲོག་ཆགས་ཀྱི་རིམས་ནད་ཀྱི་འགོ་ཁུངས་དང་རིམས་ནད་ལ་ལྟ་དཔྱད་ཚད་ལེན་བྱེད་པ་དང་། སྲོག་ཆགས་ཀྱི་ཕྱི་ཡོང་རིམས་ནད་ལ་འགོག་ཟོན་བྱེད་པ་སོགས་ཀྱི་ཐད་མཉམ་ལས་དང་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་གསོ་ཚགས་དང་། རིམས་འགོག རིམས་བཤེར། བཤས་གཏོང་། ཚོང་གཉེར། ལོགས་འཇོག དབོར་འདྲེན། གནོད་མེད་གཙང་སེལ་སོགས་ཀྱི་ཆ་འཕྲིན་གཞི་གྲངས་སྐབས་ཐོག་ཏུ་མཉམ་མཐུད་མཉམ་སྤྱོད་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པའི་མ་ལག་ཅིག་འཛུགས་དགོས།

    དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་རིམ་མཚུངས་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་དང་། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲོག་ཆགས་ཀྱི་ཚབས་ཆེའི་རིམས་ནད་ཀྱི་ཉེན་ཁ་ཚོད་སྐོར་གྱི་རིགས་གཅིག་མཁས་པའི་ཨུ་ཡོན་ལྷན་ཁང་བཙུགས་ནས་སྲོག་ཆགས་རིམས་ནད་ཀྱི་ཉེན་ཁར་ཚོད་སྐོར་བྱེད་དགོས་པ་མ་ཟད། ཉེན་ཁ་ཚོད་སྐོར་བྱས་འབྲས་ལ་གཞིགས་ནས་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་དུས་ཐོག་ཏུ་ཉེན་བརྡ་གཏོང་དགོས།

    རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྲོག་ཆགས་ཀྱི་རིམས་ནད་ཉེན་བརྡ་བཏང་ཚུལ་གཞིར་བཟུང་དུས་ཐོག་ཏུ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་། ཚོད་འཛིན། གཙང་སེལ། རྩ་མེད་གཏོང་བ་བཅས་ཀྱི་བྱ་ཐབས་སྤྱོད་དགོས།

    དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་སྲོག་ཆགས་ཀྱི་རིམས་ནད་བཙན་སྐུལ་སྔོན་འགོག་བྱེད་པའི་རྒྱལ་ཁབ་ཀྱི་འཆར་གཞི་དང་རང་སྐྱོང་ལྗོངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་ཚུལ་ལ་གཞིགས་ནས་སྲོག་ཆགས་ཀྱི་རིམས་ནད་བཙན་སྐུལ་སྔོན་འགོག་བྱེད་པའི་རང་སྐྱོང་ལྗོངས་ཀྱི་འཆར་གཞི་བཟོ་དགོས། རང་སྐྱོང་ལྗོངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་འགོས་ཁྱབ་འགྲོ་ཚུལ་ལ་གཞིགས་ནས་བཙན་སྐུལ་གྱིས་རིམས་ནད་སྔོན་འགོག་བྱེད་པའི་སྲོག་ཆགས་རིམས་ནད་ཀྱི་རིགས་སྣ་དང་ས་ཁོངས་མང་དུ་བཏང་སྟེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་བ་དང་འབྲེལ་ལག་བསྟར་བྱེད་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་སྲོག་ཆགས་ཀྱི་རིམས་ནད་བཙན་སྐུལ་སྔོན་འགོག་བྱེད་པའི་འཆར་གཞི་སྒྲིག་འཛུགས་ལག་བསྟར་བྱེད་འགན་འཁུར་དགོས་པ་དང་། དུས་བཀག་ནང་སྲིད་འཛིན་ས་ཁོངས་དེ་གའི་རིམས་ནད་བཙན་སྐུལ་སྔོན་འགོག་བྱེད་པའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ཕན་འབྲས་ཐོན་ཚུལ་ལ་ཚོད་སྐོར་བྱེད་དགོས་པ་མ་ཟད་སྤྱི་ཚོགས་ཐོག་ཚོད་སྐོར་བྱས་འབྲས་ཡོངས་བསྒྲགས་བྱེད་དགོས། སྲོག་ཆགས་གསོ་ཚགས་བྱེད་མཁན་ཚན་པ་དང་མི་སྒེར་གྱིས་བཙན་སྐུལ་སྔོན་འགོག་བྱེད་པའི་འོས་འགན་སྒྲུབ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

    ཤང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་གཏོགས་ཁོངས་དེ་གའི་སྲོག་ཆགས་གསོ་ཚགས་བྱེད་མཁན་ཚན་པ་དང་མི་སྒེར་སྒྲིག་འཛུགས་བྱས་ནས་བཙན་སྐུལ་གྱིས་རིམས་ནད་སྔོན་འགོག་ཡག་པོ་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་པར་གཞོགས་འདེགས་ཡག་པོ་བྱེད་དགོས། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་དོན་བསྒྲུབ་རྒྱུར་གཞོགས་འདེགས་ཡག་པོ་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བམ་ཡང་ན་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལག་རྩལ་པ་གདན་ཞུ་སོགས་ཀྱི་རྣམ་པའི་ཐོག་ནས་མི་སྒེར་གྱིས་གསོ་ཚགས་བྱས་པའི་སྲོག་ཆགས་ལ་བཙན་སྐུལ་གྱིས་རིམས་ནད་སྔོན་འགོག་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་བཙན་སྐུལ་རིམས་འགོག་སྐྱེ་དངོས་སྨན་རྫས་ལ་ཁྲིམས་ལྟར་སྲིད་གཞུང་གིས་ཉོ་སྒྲུབ་དང་བགོ་འགྲེམས་བྱེད་དུ་བཅུག་ན་འགྲིག

    རྒྱལ་ཁབ་ཀྱི་བཙན་སྐུལ་རིམས་འགོག་སྐྱེ་དངོས་སྨན་རྫས་སྲིད་གཞུང་གིས་ཉོ་སྒྲུབ་དང་བགོ་འགྲེམས་བྱེད་འགན་འཁུར་མཁན་ཚན་པས་ངེས་པར་དུ་རྒྱལ་ཁབ་ཀྱི་བཙན་སྐུལ་རིམས་འགོག་སྐྱེ་དངོས་སྨན་རྫས་གསོག་ཉར་དང་། དབོར་འདྲེན། བགོ་འགྲེམས་སོགས་བྱེད་པའི་དོ་དམ་ལམ་ལུགས་བཟོ་དགོས་པ་མ་ཟད། དོན་དངོས་དང་མཐུན་ཞིང་འཐུས་སྒོ་ཚང་བའི་བགོ་འགྲེམས་དང་གྲང་ཕྲེང་དབོར་འདྲེན་གྱི་ཟིན་ཐོ་འགོད་དགོས་ལ། ཟིན་ཐོ་དེའང་ངེས་པར་དུ་ཐོན་རྫས་ཀྱི་གོ་ཆོད་དུས་ཡུན་ལོ་གཉིས་མ་ཐིམ་བར་དུ་ཉར་ཚགས་བྱེད་དགོས།

    གསོ་སྤེལ་ར་བ(དུད་ཚང)ཡིས་གཏན་འབེབས་གཞིར་བཟུང་རང་རྟོགས་ངང་རིམས་འགོག་སྨན་ཁབ་ཉོ་སྒྲུབ་བྱེད་པ་དང་རང་འགུལ་གྱིས་རིམས་འགོག་ལས་དོན་སྤེལ་ནས། རིམས་འགོག་གི་ཚད་གཞི་ལོན་རྗེས་ནོར་སྲིད་ཀྱི་ཐད་ཀའི་ཁ་གསབ་གནང་རེ་ཞུས་ཆོག

    དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲོག་ཆགས་རིམས་ནད་ཀྱི་ལྟ་དཔྱད་ཚད་ལེན་དྲ་རྒྱ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་མ་ཟད། ལྟ་དཔྱད་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་དཔྱད་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་དཔྱད་ཚད་ལེན་བྱེད་པའི་རྒྱལ་ཁབ་ཀྱི་འཆར་གཞི་གཞིར་བཟུང་། སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་དཔྱད་ཚད་ལེན་བྱེད་པའི་རང་སྐྱོང་ལྗོངས་ཀྱི་འཆར་གཞི་བཟོ་དགོས། ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང་)ཡི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་དཔྱད་ཚད་ལེན་བྱེད་པའི་རང་སྐྱོང་ལྗོངས་ཀྱི་འཆར་གཞི་གཞིར་བཟུང་སྲིད་འཛིན་ས་ཁོངས་དེ་གའི་སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་དཔྱད་ཚད་ལེན་བྱེད་པའི་ཇུས་གཞི་བཟོ་བ་དང་འབྲེལ་ལག་བསྟར་བྱེད་དུ་འཇུག་དགོས།

    སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་དཔྱད་ཚད་ལེན་བྱེད་པའི་འཆར་གཞི་དང་ཇུས་གཞི་ལག་བསྟར་བྱས་ནས་ལྟ་དཔྱད་ཚད་ལེན་གྱི་ཆ་འཕྲིན་དུས་ཐོག་ཏུ་ཕྱོགས་བསྡོམས་དང་། དབྱེ་ཞིབ། དཔྱད་དཔོག གྲོས་མོལ། གོང་ཞུ་བཅས་བྱེད་དགོས་ལ། སྲོག་ཆགས་གསོ་ཚགས་དང་། བཤས་གཏོང་། ཚོང་གཉེར། ལོགས་འཇོག དབོར་འདྲེན་བཅས་དང་། དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་ཐོན་སྐྱེད་དང་། ཚོང་གཉེར། བཟོ་སྣོན། གསོག་ཉར། གནོད་མེད་གཙང་སེལ་སོགས་ཀྱི་བྱེད་སྒོ་སྤེལ་མཁན་སྡེ་ཚན་དང་མི་སྒེར་གྱིས་སྲོག་ཆགས་རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས་པ་ལས་དང་ལེན་མི་བྱེད་པ་དང་བཀག་འགོག་སོགས་བྱེད་མི་ཆོག

    དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྲོག་ཆགས་ཀྱི་རིམས་ནད་འགོག་ཟོན་བྱེད་པའི་དགོས་མཁོར་གཞིགས་ཏེ་ལུགས་དང་མཐུན་པའི་སྒོ་ནས་མཐའ་མཚམས་རྫོང་དུ་སྲོག་ཆགས་རིམས་ནད་ཀྱི་ལྟ་དཔྱད་ཚད་ལེན་ས་ཚུགས་འཛུགས་དགོས་པ་མ་ཟད། ལྟ་དཔྱད་ཚད་ལེན་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་མངའ་ཁོངས་ཕྱིའི་སྲོག་ཆགས་ཀྱི་རིམས་ནད་མི་འགོས་པར་བྱེད་དགོས།

    མཐའ་མཚམས་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕྱི་ཡོང་སྲོག་ཆགས་ཀྱི་རིམས་ནད་ལ་མཉམ་འགོག་མཉམ་བཅོས་བྱེད་པའི་མཉམ་ལས་ལམ་སྲོལ་འཛུགས་དགོས། ནགས་ལས་རྩྭ་ཐང་དང་། ཚན་རྩལ། འགག་སྒོ་སོགས་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། དུས་བཀག་ལྟར་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་དང་ཆ་འཕྲིན་སྤེལ་རེས་བྱས་ཏེ་ཛ་དྲག་གནས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས།

    དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བདག་མེད་སྲོག་ཆགས་ཀྱི་རིམས་ནད་ཀྱི་འགོ་ཁུངས་དང་རིམས་ནད་ལ་ལྟ་དཔྱད་ཚད་ལེན་བྱེད་པའི་མ་ལག་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ལ། དགོས་མཁོ་གཞིར་བཟུང་ལྟ་དཔྱད་ཚད་ལེན་ས་ཚིགས་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། ནགས་ལས་རྩྭ་ཐང་དང་། ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་ལྟར་བདག་མེད་སྲོག་ཆགས་ཀྱི་རིམས་ནད་འགོ་ཁུངས་དང་རིམས་ནད་ལ་ལྟ་དཔྱད་ཚད་ལེན་བྱེད་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། དུས་བཀག་ལྟར་གནས་ཚུལ་སྤེལ་རེས་བྱེད་པ་དང་དུས་ཐོག་ཏུ་ཛ་དྲག་གནས་ཚུལ་བརྡ་ཁྱབ་གཏོང་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་སྡེ་ཚན་གྱིས་ངེས་པར་དུ་ཕྱི་རོལ་དུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། བདག་མེད་སྲོག་ཆགས་ཀྱི་ནད་དཔེ་འཚོལ་བསྡུ་དང་ཞིབ་དཔྱད་ཚད་ལེན་བྱས་ཏེ་བདག་མེད་སྲོག་ཆགས་ཀྱི་རིམས་ནད་ཐོན་ཚུལ་ལ་དབྱེ་ཞིབ་མཐའ་དཔྱོད་བྱེད་དགོས།

    དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་ལ་ཕབ་པའི་སྲོག་ཆགས་ཀྱི་ནད་ཡམས་མེད་ཁུལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་གཏན་ལ་ཕབ་པའི་སྲོག་ཆགས་ཀྱི་ནད་ཡམས་མེད་ཁུལ་འཛུགས་རྒྱུའི་རང་སྐྱོང་ལྗོངས་ཀྱི་ཇུས་གཞི་བཟོ་རྒྱུ་མ་ཟད་སྒྲིག་འཛུགས་ཀྱིས་ལག་བསྟར་བྱ་རྒྱུ། སྲོག་ཆགས་གསོ་སྤེལ་ར་བས་གཏན་ལ་ཕབ་པའི་སྲོག་ཆགས་ཀྱི་ནད་ཡམས་མེད་པའི་སྐྱེ་དངོས་བདེ་འཇགས་ལོགསའཇོག་ཁུལ་འཛུགས་རྒྱུར་སྐུལ་མ་གཏོང་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་སྲོག་ཆགས་ཀྱི་རིམས་ནད་གཙང་སེལ་དང་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་ཕ་ཕྱུགས་དང་། བྱ་རིགས། བཞོན་མ་བཅས་ཀྱི་གསོ་ཚགས་ར་བའི་ནང་ཐད་ཀར་འགོས་ཁྱབ་ཆེ་བའི་སྲོག་ཆགས་ཀྱི་རིམས་ནད་དང་། མི་ཕྱུགས་གཉིས་ཀར་འགོས་ཉེན་ཡོད་པའི་རིམས་ནད། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་བཅས་གཙོ་གནད་དུ་གཙང་སེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

    དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐབ་ཚང་གི་གད་སྙིགས་གཙང་སེལ་བྱེད་པའི་ལས་རིམ་ཧྲིལ་པོར་ལྟ་འདོམས་བྱེད་དགོས་ལ། ཞིང་ལས་དང་གྲོང་གསེབ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། གྲོང་ཁྱེར་དོ་དམ་བཅས་སྡེ་ཚན་གྱིས་ཁག་སོ་སོར་གསོ་སྤེལ་བྱེད་རིམ་དང་། གཅིག་གྱུར་བསྡུ་ལེན་དང་གནོད་མེད་གཙང་སེལ་བྱེད་རིམ་ལ་ལྟ་འདོམས་བྱེད་འགན་འཁུར་དགོས།

    དྲོད་ཚད་མཐོན་པོས་གཙང་བཅོས་བྱས་མེད་པའི་ཟ་ཁང་དང་སྤྱི་ཐབ་ཀྱི་བཤལ་ཆུ་སྒོ་ཕྱུགས་ལ་སྟེར་མི་ཆོག་པ་དང་། གད་སྙིགས་འཇོག་སའམ་གད་སྙིགས་འཇོག་སའི་ཁྲོད་ཀྱི་དངོས་སྙིགས་སྤྱད་དེ་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་མི་ཆོག

    དོན་ཚན་བཅུ་བདུན་པ། ཁྱི་གསོ་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་ཁྱི་ལ་དུས་བཀག་ལྟར་ཁྱི་དུག་འགོག་པའི་རིམས་འགོག་སྨན་ཁབ་རྒྱག་དགོས་པ་དང་། སྲོག་ཆགས་སྨན་བཅོས་ལས་ཁུངས་ཀྱིས་སྤྲད་པའི་རིམས་འགོག་དཔང་ཡིག་ལ་བརྟེན་ནས་ས་གནས་དེ་གའི་ཁྱི་གསོ་ཉར་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་བྱེད་རེ་ཞུ་དགོས་པ་མ་ཟད། འབུ་འདེད་པ་དང་གཤང་གཅི་གཙང་སེལ་བྱེད་པ་སོགས་ཀྱི་རིམས་ནད་སྔོན་འགོག་བྱ་ཐབས་སྤྱོད་དགོས།

    རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་ཁྱི་དང་ཞི་མི་ལ་སོགས་གཅེས་ཉར་སྲོག་ཆགས་འཁྲིད་དགོས་ཚེ། ངེས་པར་དུ་སྲོག་ཆགས་ཀྱི་ནད་དཔྱད་ཚད་ལོན་དཔང་ཡིག་གམ་ཡང་ན་སྲོག་ཆགས་དཔྱད་བཅོས་ལས་ཁུངས་ཀྱིས་སྤྲད་པའི་རིམས་འགོག་དཔང་ཡིག་འདོན་དགོས། ཁྱི་ཕྱིར་འཁྲིད་སྐབས་ངེས་པར་དུ་གཏན་འབེབས་གཞིར་བཟུང་ཁྱི་བྱང་འདོགས་དགོས་པ་མ་ཟད། ཁྱི་ཐག་འཆིང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་མི་ལ་རྨས་སྐྱོན་མི་ཕོག་པ་དང་རིམས་ནད་འགོས་ཁྱབ་མི་འགྲོ་བར་བྱེད་དགོས།

    ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང་)དང་རྫོང་(ཆུད)མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། དེ་བཞིན་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་ཀྱིས་ངེས་པར་དུ་གཏན་འབེབས་ནང་འཁོད་པའི་འགན་འཁྲི་ལྟར་བདག་མེད་ཁྱི་དང་ཞི་མིར་ཚོད་འཛིན་དང་། གསོ་ཉར། བཀོད་སྒྲིག དེ་བཞིན་ཐུམ་འབུའི་ནད་འགོག་བཅོས་དང་ཁྱི་དུག་གི་རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

    ཞི་མིའི་ནད་དུག་སྔོན་འགོག་བྱ་རྒྱུ་དེ་ཁྱི་དུག་སྔོན་འགོག་བྱ་རྒྱུའི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

    དོན་ཚན་བཅོ་བརྒྱད་པ། སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་། བརྟག་དཔྱད། ནད་ཡམས་བརྟག་ཞིབ། ཞིབ་འཇུག དཔྱད་བཅོས་བཅས་དང་། དེ་བཞིན་སྲོག་ཆགས་གསོ་ཚགས་དང་། བཤས་གཏོང་། ཚོང་གཉེར། ལོགས་འཇོག དབོར་འདྲེན་སོགས་བྱེད་མཁན་ཚན་པ་དང་མི་སྒེར་གྱིས་སྲོག་ཆགས་ལ་འགོས་ནད་དམ་ཡང་ན་འགོས་ནད་ཀྱི་ནད་རྟགས་ཡོད་པ་ཤེས་ཚེ། ངེས་པར་དུ་འཕྲལ་མར་རང་གནས་སའི་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་ནམ་ཡང་ན་སྲོག་ཆགས་ཀྱི་རིམས་འགོག་ཚོད་འཛིན་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་མ་ཟད། ལམ་སེང་ལོག་བཀར་དུ་འཇོག་པ་སོགས་ཀྱི་ཚོད་འཛིན་བྱ་ཐབས་སྤྱད་དེ་སྲོག་ཆགས་ཀྱི་རིམས་ནད་འགོས་ཁྱབ་མི་འགྲོ་བར་བྱེད་དགོས། ཚན་པ་དང་མི་སྒེར་གཞན་དག་གིས་སྲོག་ཆགས་ལ་འགོས་ནད་དམ་ཡང་ན་འགོས་ནད་ཀྱི་ནད་རྟགས་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

    སྲོག་ཆགས་ཀྱི་རིམས་ནད་ཐོན་ཚུལ་སྙན་ཞུ་འབྱོར་བའི་སྡེ་ཚན་གྱིས་ངེས་པར་དུ་གནས་སྐབས་ལོགས་བཀར་བཞག་ནས་ཚོད་འཛིན་བྱེད་པ་སོགས་ཀྱི་དགོས་ངེས་བྱ་ཐབས་སྤྱད་དེ་སྔོན་འགོག་ཚོད་འཛིན་གྱི་གོ་སྐབས་མི་ཤོར་བར་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་གཏན་འབེབས་ནང་འཁོད་པའི་ལས་རིམ་ལྟར་དུས་ཐོག་ཏུ་གོང་ལ་སྙན་སེང་ཞུ་དགོས།

    ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་སྲོག་ཆགས་ཀྱི་རིམས་ནད་ཐོན་ཚུལ་སྦ་གསང་གིས་སྙན་སེང་མི་ཞུ་བ་དང་། རྫུན་ཞུ་བྱེད་པ། འགྱངས་ཞུ་བྱེད་པ། ཞུ་ལུས་ཐེབས་པ་བཅས་ཀྱི་རིགས་བྱེད་མི་ཆོག་ལ། སྲོག་ཆགས་ཀྱི་རིམས་ནད་ཐོན་ཚུལ་སྦ་གསང་གིས་མི་གཞན་ལ་སྙན་སེང་ཞུ་རུ་མི་འཇུག་པ་དང་། རྫུན་ཞུ་དང་འགྱངས་ཞུ་བྱེད་དུ་འཇུག་རིགས་ཀྱང་མི་ཆོག་པ་མ་ཟད། མི་གཞན་གྱིས་སྲོག་ཆགས་ཀྱི་རིམས་ནད་ཐོན་ཚུལ་སྙན་སེང་ཞུ་བར་བཀག་འགོག་བྱེད་རིགས་ཀྱང་མི་ཆོག

    རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་འཕྲལ་སྡོམ་བཀོད་འདོམས་པུའུ་བཙུགས་ཏེ་སྲིད་འཛིན་ས་ཁོངས་དེ་གའི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་གྱི་འཕྲལ་སྡོམ་སྔོན་ཇུས་ཁྲིམས་ལྟར་བཟོ་དགོས་པ་མ་ཟད་སྙན་དཔོད་ཞུ་བ་དང་། འཕྲལ་སྡོམ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལག་རྩལ་གསོ་སྦྱོང་དང་འཕྲལ་སྡོམ་ནང་སྦྱོང་བཅས་བྱས་ཏེ་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་བྱེད་དགོས། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་ཐོན་སྐབས་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་དང་། དེ་བཞིན་འཕྲལ་སྡོམ་སྔོན་ཇུས་གཞིར་བཟུང་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་སྤྱོད་དགོས།

    དོན་ཚན་བཅུ་དགུ་པ། སྲོག་ཆགས་བཤས་གཏོང་བ་དང་། ཉོ་འཚོང་ངམ་ཡང་ན་དབོར་འདྲེན་བཅས་དང་དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་ཕྱིར་འཚོང་ངམ་དབོར་འདྲེན་མ་བྱས་གོང་དོ་བདག་གིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱི་གཏན་འབེབས་གཞིར་བཟུང་། རང་གནས་སའི་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་ལ་རིམས་ནད་བརྟག་ཞིབ་བྱེད་རེ་ཞུ་དགོས། སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་ཀྱིས་རིམས་ནད་བརྟག་ཞིབ་ཀྱི་སྙན་ཞུ་འབྱོར་རྗེས་དུས་ཐོག་ཏུ་གཞུང་ཕྱོགས་ཕྱུགས་རིགས་སྨན་པ་བཀོད་མངགས་ཀྱིས་རིམས་ནད་བརྟག་ཞིབ་བྱེད་དགོས། རིམས་ནད་བརྟག་ཞིབ་བྱེད་མཁན་གཞུང་ཕྱོགས་ཕྱུགས་རིགས་སྨན་པས་ངེས་པར་དུ་རིམས་དཔྱད་དཔང་ཡིག་དང་རིམས་དཔྱད་མཚོན་རྟགས་ལ་མིང་རྟགས་འགོད་པའམ་ཐེལ་ཙེ་རྒྱག་དགོས་པ་མ་ཟད། རིམས་ནད་བརྟག་ཞིབ་བྱས་འབྲས་ལ་འགན་འཁུར་དགོས། སྲོག་ཆགས་ཀྱི་གསོ་ཚགས་ར་བ་དང་བཤས་གཏོང་ཁེ་ལས་ཀྱི་ལས་གཉེར་ཕྱུགས་རིགས་སྨན་པའམ་ཡང་ན་སྲོག་ཆགས་ཀྱི་རིམས་འགོག་ལག་རྩལ་པས་ངེས་པར་དུ་གཞུང་ཕྱོགས་ཕྱུགས་རིགས་སྨན་པར་གཞོགས་འདེགས་བྱས་ནས་རིམས་ནད་བརྟག་ཞིབ་བྱེད་དགོས།

    རིམས་ནད་བརྟག་ཞིབ་ཀྱི་ཚད་ལོན་ཚེ། རིམས་དཔྱད་དཔང་ཡིག་སྤྲོད་དགོས་པ་མ་ཟད་རིམས་དཔྱད་མཚོན་རྟགས་ཀྱང་སྣོན་དགོས། རིམས་ནད་བརྟག་ཞིབ་ཀྱི་ཚད་མ་ལོན་ཚེ། དོ་བདག་གིས་ངེས་པར་དུ་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱི་ལྟ་སྐུལ་འོག་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས་ཤིང་། དེའི་ཐད་ཀྱི་འགྲོ་གྲོན་རྣམས་དོ་བདག་གིས་གཏོང་འགན་འཁུར་དགོས།

    དོན་ཚན་ཉི་ཤུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རིམས་ནད་བརྟག་ཞིབ་ལས་ཀའི་དགོས་མཁོ་དང་། དེ་བཞིན་སྲོག་ཆགས་གསོ་སྤེལ་གྱི་གཞི་ཁྱོན་དང་། ཁྱབ་ཚུལ། ས་ཁོངས་ཀྱི་ཁོར་ཡུག་བཅས་ལ་གཞིགས་ནས་ལུགས་མཐུན་ངང་སྲོག་ཆགས་ཀྱི་རིམས་ནད་བརྟག་ཞིབ་བྱེད་རེ་ཞུ་ས་འཛུགས་དགོས་པ་དང་། སྲོག་ཆགས་ཀྱི་རིམས་ནད་བརྟག་ཞིབ་ཀྱི་རེ་བ་ཞུ་ས་འཛུགས་སྐྲུན་དང་དེའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། སྲོག་ཆགས་ཀྱི་རིམས་ནད་བརྟག་ཞིབ་ཀྱི་རེ་བ་ཞུ་ས་དང་། རིམས་ནད་བརྟག་ཞིབ་བྱེད་ཁོངས། རིམས་ནད་བརྟག་ཞིབ་བྱ་ཡུལ་བཅས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱེད་དགོས།

    ཞིང་འབྲོག་མང་ཚོགས་རང་ཉིད་ཀྱིས་བཤས་བཏང་ནས་སྒེར་སྤྱོད་བྱེད་པའི་སྲོག་ཆགས་ཡིན་ཕྱིན། བཤས་མ་བཏང་གོང་ལ་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་ལ་རིམས་ནད་བརྟག་ཞིབ་ཀྱི་རེ་བ་ཞུ་དགོས་པ་དང་། སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་ཀྱིས་རིམས་ནད་བརྟག་ཞིབ་ཀྱི་རེ་ཞུ་བདག་སྤྲོད་བྱས་རྗེས་གཞུང་ཕྱོཌ་ཕྱུགས་རིགས་སྨན་པ་བཏང་ནས་ལས་ཡུལ་དངོས་སམ་ཡང་ན་དམིགས་འཛུགས་ས་ཆར་རིམས་ནད་བརྟག་ཞིབ་བྱེད་དགོས་པ་དང་། བདག་སྤྲོད་མ་བྱས་ཚེ། ངེས་པར་དུ་རྒྱུ་མཚན་གསལ་བཤད་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། སྲོག་ཆགས་དབོར་འདྲེན་བྱེད་མཁན་ཚན་པ་དང་མི་སྒེར། དེ་བཞིན་རླངས་འཁོར་བཅས་ཀྱི་གནས་ཚུལ་དེ་ངེས་པར་དུ་རང་གནས་སའི་རྫོང་རིམ་པ་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས་ཤིང་། འགྲོ་སྐྱོད་ལམ་ཐིག་དང་དེ་བཞིན་མངགས་འདྲེན་པས་མཁོ་འདོན་བྱས་པའི་སྲོག་ཆགས་ཀྱི་མིང་དང་། རིམས་དཔྱད་དཔང་ཡིག་ཨང་གྲངས། གྲངས་འབོར་སོགས་ཀྱི་ཆ་འཕྲིན་ལའང་བདག་པོ་ཡག་པོ་རྒྱག་དགོས།

    སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་དབོར་འདྲེན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་སྲོག་ཆགས་ཀྱི་རིམས་དཔྱད་ཚད་ལོན་དཔང་ཡིག་ཏུ་འཁོད་པའི་བསྐྱལ་ཡུལ་དེ་རང་ལ་དུས་བཀག་ལྟར་དབོར་འདྲེན་བྱེད་དགོས་པ་ལས་ལམ་བར་དུ་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་བརྒྱུད་འདྲེན་དང་། ཕྱིར་འཚོང་། བརྗེ་བ་བཅས་བྱེད་མི་ཆོག

    གཞུང་ལམ་བརྒྱུད་ཤ་སོས་པ་དང་། གྲང་ཤ འཁྱགས་ཤ་སོགས་གྲང་ཉར་དང་འཁྱག་གཏོང་བྱེད་དགོས་པའི་སྲོག་ཆགས་ཀྱི་ཐོན་རྫས་དབོར་འདྲེན་བྱེད་དགོས་ཚེ། ངེས་པར་དུ་གྲང་ཉར་དང་འཁྱགས་གཏོང་གི་སྒྲིག་ཆས་དགོས་པ་མ་ཟད། དྲོད་ཚད་ཚོད་འཛིན་གྱི་བླང་བྱ་དང་ཡང་མཐུན་པ་བྱེད་དགོས།

    དོན་ཚན་ཉེར་གཉིས་པ། གཞུང་ལམ་བརྒྱུད་རང་སྐྱོང་ལྗོངས་ལ་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་དབོར་འདྲེན་བྱེད་དགོས་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་འཛུགས་བགྲོད་ལམ་བརྒྱུད་དགོས་པ་མ་ཟད། དམིགས་འཛུགས་བགྲོད་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་བཤེར་ས་ཚིགས་ཀྱི་ཞིབ་བཤེར་ཡང་དང་ལེན་ཞུ་དགོས།

    ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་དམིགས་འཛུཌ་བགྲོད་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་བཤེར་ས་ཚིགས་ནས་བརྟག་བཤེར་མ་བྱས་པའི་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་རྩིས་ལེན་མི་ཆོག

    དམིགས་འཛུགས་བགྲོད་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་བཤེར་ས་ཚིགས་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་ལས་གྲོང་གསེབ་དང་། སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་ཐོག་ཁྲིམས་སྒྱུར་བྱེད་དགོས།

    དོན་ཚན་ཉེར་གསུམ་པ། ལྗོངས་ཕྱི་ནས་ཕ་ཕྱུགས་དང་བཞོན་མ་ནང་འདྲེན་བྱས་རྗེས་དོ་བདག་གིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱི་གཏན་འབེབས་ལྟར་ནང་འདྲེན་བྱས་པའི་ཕ་ཕྱུགས་དང་བཞོན་མ་དེ་རིགས་ལོགས་སུ་བཅུག་ནས་ལྟ་ཞིབ་བྱེད་དགོས། ལོགས་སུ་བཅུག་ནས་ལྟ་ཞིབ་ཚད་ལོན་བྱུང་ཚེ། ཕྱུགས་རིགས་གཞན་དང་མཉམ་དུ་གསོ་ཚགས་བྱས་ཆོག ཚད་མ་ལོན་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས།

    དོན་ཚན་ཉེར་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་འབྲོག་ལས་གོང་འཕེལ་གཏོང་བའི་འཆར་འགོད་དང་། དེ་བཞིན་སྲོག་ཆགས་གསོ་ཚགས་དང་། རིམས་ནད། སྲོག་ཆགས་ཤི་བ་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ནད་ཤི་ཐེབས་པའི་སྲོག་ཆགས་དང་ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་གཅིག་སྡུད་ཐོག་གནོད་མེད་གཙང་སེལ་བྱེད་ས་བསྐྲུན་རྒྱུའི་འཆར་གཞི་བཟོས་ནས་ནད་ཤི་ཐེབས་པའི་སྲོག་ཆགས་དང་ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་གཙང་སེལ་བྱེད་ས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས། རྫོང་རིམ་པ་ཡན་གྱི་སྲིད་འཛིན་ས་ཁོངས་བརྒལ་བར་ནད་ཤི་ཐེབས་པའི་སྲོག་ཆགས་དང་ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་གཙང་སེལ་བྱེད་ས་བསྐྲུན་རྒྱུར་སྐུལ་ལྕག་གཏོང་དགོས།

    ཐག་རིང་ལུང་ཁུག་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་ས་ཁུལ། དེ་བཞིན་གསོ་སྤེལ་དུད་ཚང་བཅས་ཀྱིས་ནད་ཤི་ཐེབས་པའི་སྲོག་ཆགས་ཐར་ཐོར་ཐག་གཅོད་བྱེད་སྐབས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་དངོས་ཡོད་གནས་ཚུལ་དང་ཉེན་ཁ་ཚོད་སྐོར་བྱས་འབྲས་ལ་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་བཟོ་རུ་བཅུག་ཆོག

    སྤྱི་ཚོགས་ཀྱི་མ་དངུལ་བཏང་སྟེ་གནོད་མེད་གཙང་སེལ་བྱེད་ས་དང་། ཐོན་ཁུངས་ཅན་གྱི་བེད་སྤྱོད་སྒྲིག་བཀོད་འཛུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། གནོད་མེད་གཙང་སེལ་གྱི་སྒྲིག་བཀོད་དང་སྒྲིག་ཆས་དེ་དག་ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་ཉོ་སྒྲུབ་ཀྱི་ཁ་གསབ་སྤྲོད་ཁོངས་སུ་བཅུག་ཆོག

    དོན་ཚན་ཉེར་ལྔ་པ། སྲོག་ཆཌ་གསོ་ཚགས་དང་། བཤས་གཏོང་། ཚོང་གཉེར། ལོགས་འཇོག་བཅས་དང་དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་ཐོན་སྐྱེད་དང་། ཚོང་གཉེར། བཟོ་སྣོན། གསོག་ཉར་སོགས་བྱེད་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ནད་ཤི་ཐེབས་པའི་སྲོག་ཆགས་དང་ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་གཙང་སེལ་ཡག་པོ་བྱེད་པའམ་ཡང་ན་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་གཙང་སེལ་བྱེད་སར་མངགས་ཏེ་གཙང་སེལ་གནང་རོགས་ཞུ་དགོས།

    སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་དབོར་འདྲེན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་ནད་ཤི་ཐེབས་པའི་སྲོག་ཆགས་དང་ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་གཙང་སེལ་ལ་གཞོགས་འདེགས་ཡག་པོ་བྱེད་དགོས་པ་ལས་ལམ་བར་དུ་འབྲེལ་ཡོད་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་རང་དགར་བསྐྱུར་བ་དང་ཐག་གཅོད་བྱེད་མི་ཆོག

    རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་ཞིང་ལས་གྲོང་གསེབ་དང་། ནགས་ལས་རྩྭ་ཐང་། ཁྲོམ་ར་ལྟ་འདོམས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་སྒྱུར་བྱེད་རིང་རྩད་ཆོད་ཐུབ་པའི་སྲོག་ཆགས་ཀྱི་ཤི་རོ་དང་། ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གནོད་མེད་གཙང་སེལ་བྱེད་དགོས་པའམ་ཡང་ན་འབྲེལ་ཡོད་ཚན་པར་མངགས་ཏེ་གནོད་མེད་གཙང་སེལ་གནང་རོགས་ཞུ་དགོས།

    ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་ནད་ཤི་ཐེབས་པའི་སྲོག་ཆགས་དང་ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་ཉོ་འཚོང་དང་། བཟོ་སྣོན། རང་དགར་བསྐྱུར་བ་བཅས་བྱེད་མི་ཆོག

    དོན་ཚན་ཉེར་དྲུག་པ། སྲོག་ཆགས་གསོ་ཚགས་ར་བ་དང་། ལོགས་བཀར་འཇོག་ས། བཤས་ར་དང་བཟོ་སྣོན་བྱེད་ས། དེ་བཞིན་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་གཙང་སེལ་བྱེད་ས་བཅས་ངེས་པར་དུ་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་སྲོག་ཆཌ་ཀྱི་རིམས་འགོག་ཆ་རྐྱེན་དང་མཐུན་དགོས་པ་མ་ཟད། སྲོག་ཆགས་ཀྱི་རིམས་འགོག་ཆ་རྐྱེན་གྱི་ཚད་ལོན་ལག་ཁྱེར་ཡང་ཡོད་དགོས།

    ནད་ཤི་ཐེབས་པའི་སྲོག་ཆགས་དང་ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་གཙང་སེལ་བྱེད་སར་ངེས་པར་དུ་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་འཁོར་སྐྱོད་དོ་དམ་ལམ་ལུགས་དང་། གཙང་འཁྲུས་དུག་སེལ་ལམ་ལུགས། མི་སྣའི་འགོག་སྲུང་ལམ་ལུགས། སྐྱེ་དངོས་བདེ་འཇགས་ལམ་ལུགས། བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྡོམ་ཐག་གཅོད་ལམ་ལུགས་བཅས་བཟོ་དགོས་པ་མ་ཟད་ལག་བསྟར་ནན་པོ་བྱེད་དགོས།

    སྲོག་ཆགས་གསོ་ཚགས་དང་། བཤས་གཏོང་། ཚོང་གཉེར། ལོགས་འཇོག དེ་བཞིན་ནད་ཤི་ཐེབས་པའི་སྲོག་ཆགས་དང་། ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་བསྡུ་རུབ་དང་གནོད་མེད་གཙང་སེལ་བྱེད་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་རྩིས་ཁྲ་བཟོས་ཏེ་ནད་ཤི་ཐེབས་པའི་སྲོག་ཆགས་དང་ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་ཡོང་ཁུངས་དང་། སྣ་རིགས། གྲངས་འབོར(ལྗིད་ཚད) དབོར་འདྲེན་རླངས་འཁོར། རྩིས་སྤྲོད་རྩིས་ལེན་བྱེད་མཁན། རྩིས་སྤྲོད་རྩིས་ལེན་གྱི་དུས་ཚོད། ཐག་གཅོད་བྱ་ཐབས། གཙང་བཅོས་ཐོན་རྫས་ཕྱིར་འཚོང་བྱས་ཚུལ་སོགས་ཀྱི་ཆ་འཕྲིན་ཟིན་ཐོར་འགོད་དགོས། གནོད་མེད་གཙང་སེལ་བྱེད་སར་ངེས་པར་དུ་བརྙན་བརྒྱུད་ལྟ་འདོམས་སྒྲིག་ཆས་བསྒར་སྒྲིག་བྱས་ཏེ། ནད་ཤི་ཐེབས་པའི་སྲོག་ཆགས་དང་ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་ནང་འདྲེན(ཕྱིར་གཏོང)དང་། རྩིས་སྤྲོད་རྩིས་ལེན། གཙང་སེལ། དེ་བཞིན་གཙང་བཅོས་ཐོན་རྫས་ཉར་འཇོག་སོགས་བྱེད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་དགོས། འབྲེལ་ཡོད་རྩིས་ཁྲའི་ཐོ་འགོད་ཉར་ཚགས་བྱེད་ཡུན་དེ་ལོ་གཉིས་ལས་མི་ཉུང་བ་དང་འབྲེལ་ཡོད་ལྟ་འདོམས་བརྙན་པར་དཔྱད་ཡིག་ཉར་ཚགས་བྱེད་ཡུན་དེ་ཉིན་སུམ་ཅུ་ལས་མི་ཉུང་བ་བྱེད་དགོས།

    དོན་ཚན་ཉེར་བདུན་པ། སྲོག་ཆགས་ཀྱི་ནད་བརྟག་སྨན་བཅོས་བྱེད་མཁན་ལས་ཁུངས་ལ་ངེས་པར་དུ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་འཛོམས་དགོས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་དཔྱད་སྤྲོད་བྱས་པའི་སྲོག་ཆགས་ཀྱི་ནད་བརྟག་སྨན་བཅོས་འཁྲོལ་ཡིག་ཀྱང་ཐོབ་དགོས་པ་མ་ཟད། གཏན་ལ་ཕབ་པའི་ནད་བརྟག་སྨན་བཅོས་བྱེད་ཁོངས་སུ་སྲོག་ཆགས་ཀྱི་ནད་བརྟག་སྨན་བཅོས་བྱེད་སྒོ་སྤེལ་དགོས།

    དོན་ཚན་ཉེར་བརྒྱད་པ། དེབ་འཛིན་ཕྱུགས་ནད་སྨན་པའི་ཐོབ་ཐང་ལག་ཁྱེར་ཐོབ་པའི་ཁར། རང་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུས་པའི་དེབ་འཛིན་ཕྱུགས་ནད་སྨན་པ་ཡིན་ཕྱིན། སྲོག་ཆགས་ཀྱི་ནད་བརྟག་སྨན་བཅོས་ལས་ཁུངས་སུ་སྲོག་ཆགས་ཀྱི་ནད་བརྟག་སྨན་བཅོས་དང་ཕྱུགས་སྨན་གྱི་སྨན་ཡིག་འབྲི་བ་སོགས་ཀྱི་ལས་སྒོ་སྤེལ་ཆོག་པ་མ་ཟད། ནད་བརྟག་སྨན་བཅོས་བྱས་འབྲས་ལ་འགན་འཁུར་དགོས།

    སྲོག་ཆགས་ཀྱི་ནད་བརྟག་སྨན་བཅོས་བྱེད་མཁན་གྲོང་གསེབ་ཀྱི་ཕྱུགས་ནད་སྨན་པར་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཆ་རྐྱེན་འཛོམས་དགོས་པ་མ་ཟད། རང་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

    སྲོག་ཆགས་ཀྱི་ནད་བརྟག་སྨན་བཅོས་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་སྲོག་ཆགས་ཀྱི་ནད་བརྟག་སྨན་བཅོས་དང་འབྲེལ་བ་ཡོད་པའི་བཀོལ་སྤྱོད་ལག་རྩལ་གྱི་ཚད་གཞིར་བརྩི་སྲུང་ཞུས་ཏེ། རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་ཕྱུགས་རིགས་སྨན་རྫས་དང་ཕྱུགས་རིགས་སྨན་པའི་ཡོ་བྱད་ལ་དོ་དམ་དང་བེད་སྤྱོད་ནན་པོ་བྱེད་དགོས་ལ། སྨན་རིགས་བེད་སྤྱོད་བྱས་ཚུལ་ཇི་མ་ཇི་བཞིན་འགོད་དགོས་པ་མ་ཟད། ནད་བརྟག་སྨན་བཅོས་བྱེད་རིང་འཕྲོད་བསྟེན་ཉེན་ཟོན་དང་། དུག་སེལ། ལོགས་འཇོག ནད་བརྟག་སྨན་བཅོས་ཀྱི་སྙིགས་རོ་གཙང་བཅོས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་ཉེར་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་སྲིད་གཞུང་གི་འགན་འཁྲི་ལྟར་སྲོག་ཆགས་ཀྱི་རིམས་འགོག་ལས་ཀའི་ནོར་སྲིད་འགན་སྲུང་ལམ་སྲོལ་འཛུགས་དགོས། གཤམ་གསལ་གྲོན་དངུལ་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས་པ་སྟེ།

    (གཅིག) སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་། སྔོན་འགོག ཚོད་འཛིན། གཙང་སེལ། རྩ་མེད་གཏོང་བ་བཅས་བྱ་རྒྱུར་མཁོ་བའི་འགན་སྲུང་གྲོན་དངུལ་དང་། འཕྲལ་མཁོའི་དངོས་ཟོག་གསོག་ཉར་ལ་མཁོ་བའི་གྲོན་དངུལ།

    (གཉིས) སྲོག་ཆགས་ཀྱི་འགོག་སྨན་གྲང་ཕྲེང་མ་ལག་འཛུགས་སྐྲུན་ལ་མཁོ་བའི་གྲོན་དངུལ།

    (གསུམ)སྲོག་ཆགས་ཀྱི་རིམས་འགོག་ཁྲིམས་སྒྱུར་ལ་མཁོ་བའི་གྲོན་དངུལ།

    (བཞི) སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་ལ་རིམས་ནད་བརྟག་ཞིབ་དང་བརྟག་དཔྱད་ལ་མཁོ་བའི་གྲོན་དངུལ།

    (ལྔ) ནད་ཤི་ཐེབས་པའི་སྲོག་ཆགས་དང་ནད་སྐྱོན་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་གཙང་སེལ་ལས་དོན་ལ་མཁོ་བའི་གྲོན་དངུལ།

    (དྲུག) དམིགས་འཛུགས་བགྲོད་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་བཤེར་ས་ཚིགས་འཁོར་སྐྱོད་ལ་མཁོ་བའི་གྲོན་དངུལ།

    (བདུན) མཐའ་མཚམས་སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་སོ་ལྟ་ཁང་གི་སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་དང་འཁོར་སྐྱོད་ལ་མཁོ་བའི་གྲོན་དངུལ།

    (བརྒྱད) སྲིད་གཞུང་གིས་སྲོག་ཆགས་ཀྱི་རིམས་འགོག་ཞབས་ཞུ་ཉོ་སྒྲུབ་ལ་མཁོ་བའི་གྲོན་དངུལ།

    (དགུ) སྲོག་ཆགས་ཀྱི་རིམས་འགོག་ལས་དོན་ཐད་གཏོང་རྒྱུའི་གྲོན་དངུལ་གཞན་དག་བཅས་སོ།

    དོན་ཚན་སུམ་ཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་པའི་གཞི་རྩའི་ཐོབ་ཆ་འགན་སྲུང་བྱེད་དགོས།

    རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་རིམས་འགོག་རིམས་བཤེར་གྱི་ཆེད་ལས་ལག་རྩལ་པའི་སྦྱོང་བརྡར་འཆར་གཞི་བཟོས་ཏེ། སྦྱོང་བརྡར་གྱི་ཆ་རྐྱེན་བསྐྲུན་ནས་དུས་བཀག་ལྟར་རིམས་འགོག་རིམས་བཤེར་གྱི་ཆེད་ལས་ལག་རྩལ་པར་སྦྱོང་བརྡར་སྤྲོས་པ་དང་འབྲེལ་དཔྱད་ཞིབ་བྱེད་དགོས།

    དོན་ཚན་སོ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་རིམ་མཚུངས་མི་དམངས་སྲིད་གཞུང་ཞིང་ལས་གྲོང་གསེབ་དང་། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ནད་ཤི་ཐེབས་པའི་སྲོག་ཆགས་གནོད་མེད་གཙང་སེལ་གྱི་ཁ་གསབ་རོཌ་དངུལ་གྱི་ཚད་གཞི་དང་བྱ་ཐབས་ཞིབ་ཕྲ་བཟོ་དགོས།

    སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་། ཚོད་འཛིན། གཙང་སེལ། རྩ་མེད་གཏོང་བ་བཅས་ཀྱི་ལས་རིམ་ནང་བཙན་ཤེད་ཀྱིས་བསད་པའི་སྲོག་ཆགས་དང་། རྩ་མེད་དུ་བཏང་བའི་སྲོག་ཆགས་ཀྱི་ཐོན་རྫས་དང་དེ་འབྲེལ་དངོས་རྫས། དེ་བཞིན་ཁྲིམས་ལྟར་བཙན་སྐུལ་རིམས་འགོག་བྱས་རྐྱེན་ཤི་བའི་སྲོག་ཆགས་བཅས་ཡིན་ཕྱིན་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྐྱིན་ཚབ་སྤྲོད་དགོས།

    དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ། སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་དབོར་འདྲེན་་ཚན་པ་དང་མི་སྒེར་གྱིས་སྲོག་ཆགས་ཀྱི་རིམས་དཔྱད་ཚད་ལོན་དཔང་ཡིག་ཐོག་འཁོད་པའི་བསྐྱལ་ཡུལ་དང་དུས་བཅད་གཞིར་བཟུང་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་དབོར་འདྲེན་མ་བྱས་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་སྒོར་ཆིག་སྟོང་ནས་སུམ་སྟོང་བར་གྱི་དངུལ་ཆད་འགེལ་བ་དང་། ཉེས་ཚབས་ཆེ་རིགས་ལ་སྒོར་སུམ་སྟོང་ནས་སྒོར་ཁྲི་གསུམ་བར་གྱི་དངུལ་ཆད་འགེལ་དགོས།

    དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ། དམིགས་འཛུགས་བགྲོད་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་བཤེར་ས་ཚིགས་ཀྱིས་བརྟག་བཤེར་མ་བྱས་པའི་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་རྩིས་ལེན་བྱས་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་ཉེན་བརྡ་གཏོང་བ་མ་ཟད། སྒོར་ལྔ་སྟོང་ནས་ཁྲི་གཅིག་བར་གྱི་དངུལ་ཆད་འགེལ་བ་དང་། ཉེས་ཚབས་ཆེ་རིགས་ལ་སྒོར་ཁྲི་གཅིག་ནས་སྒོར་ཁྲི་ལྔ་བར་གྱི་དངུལ་ཆད་འགེལ་དགོས།

    དོན་ཚན་སོ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ། དོ་དམ་ལམ་ལུགས་དང་རྩིས་ཁྲ་བཟོས་མེད་པའམ་ཡང་ན་བརྙན་བརྒྱུད་ལྟ་འདོམས་བྱས་མེད་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་དགོས་ཤིང་། ཡོ་བསྲང་གཏན་ནས་མ་བྱས་པའམ་ཡང་ན་ཉེས་ཚབས་ཆེ་བའི་རིགས་ལ་སྒོར་ཉིས་སྟོང་ནས་སྒོར་ཁྲི་གཉིས་བར་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་སོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་དང་། འབྲེལ་ཡོད་སྡེ་ཚན་དང་དེའི་ལས་དོན་མི་སྣས་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་འགན་འཁྲི་བསྒྲུབས་མེད་ཚེ། ཐད་ཀའི་འགན་འཁྲི་འཁུར་མཁན་གཙོ་བོ་དང་ཐད་ཀའི་འགན་འཁྲི་འཁུར་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

    དོན་ཚན་སོ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་གཞན་དག་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།

    དོན་ཚན་སོ་བདུན་པ། སྲོལ་ཡིག་འདི་2023ལོའི་ཟླ་3ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ། 2005ལོའི་ཟླ་7ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བའི《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།