ཁེ་ལས་འབྲིང་ཆུང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2023〕ཡིག་ཨང་3པ།
《ཁེ་ལས་འབྲིང་ཆུང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》འདི་2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2023ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2023ལོའི་ཟླ་1ཚེས་18ཉིན།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། ཁེ་ལས་འབྲིང་ཆུང་གཉེར་སྐྱོང་བྱེད་སའི་ཁོར་ཡུག་ལེགས་བཅོས་བྱས་ནས་ཁེ་ལས་འབྲིང་ཆུང་འདྲ་མཉམ་ཐོག་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ་དང་། ཁེ་ལས་འབྲིང་ཆུང་གི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཁེ་ལས་འབྲིང་ཆུང་གི་བྱ་གཞག་གསར་སྐྲུན་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། ཁེ་ལས་འབྲིང་ཆུང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ལས་ཞུགས་བྱེད་རྒྱ་ཆེ་རུ་བཏང་ནས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐོན་སྐྱེད་མ་ལག་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཁྲོད་ཁེ་ལས་འབྲིང་ཆུང་གི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བའི་ལས་དོན་ཐད་སྲོལ་ཡིག་འདི་སྤྱད་ན་འཐུས།
སྲོལ་ཡིག་འདིའི་ནང་འཁོད་པའི་ཁེ་ལས་འབྲིང་ཆུང་ཞེས་པ་ནི་ཁྲིམས་བཞིན་གསར་དུ་བཙུགས་ཤིང་། ལས་ཞུགས་པ་དང་། ལས་གཉེར་ཡོང་འབབ། རྒྱུ་ནོར་འབོར་གྲངས་སོགས་ཀྱི་དམིགས་ཚད་དེ་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གིས་དབྱེ་བ་ཕྱེ་བའི་ཚད་གཞི་དང་འཚམ་མཐུན་ཐུབ་པའི་ཁེ་ལས་འབྲིང་གྲས་དང་། ཁེ་ལས་ཆུང་གྲས། ཁེ་ལས་ཆེས་ཆུང་གྲས་བཅས་ལ་ཟེར།
དོན་ཚན་གསུམ་པ། ཁེ་ལས་འབྲིང་ཆུང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཁྲོམ་ར་གཉེར་མཁན་གྱི་གསོན་ཤུགས་སྲུང་སྐྱོབ་དང་ངར་སློང་བྱས་ནས་རིགས་ཁག་ཁེ་ལས་ཀྱི་ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ཁེ་ལས་འབྲིང་ཆུང་དང་། ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རོགས་སྐྱོར་ཧུར་ཐག་བྱེད་པ་དང་། ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུ་འཐུས་ཚང་སྒྲུབ་པ། ཁྲིམས་མཐུན་ཚད་ལྡན་བཟོ་བ། ཁེ་དབང་འགན་སྲུང་བྱེད་པ་བཅས་ཀྱི་མཛད་ཕྱོགས་ལག་བསྟར་བྱས་ནས་ཁེ་ལས་འབྲིང་ཆུང་གསར་གཏོད་དང་གོང་འཕེལ་གཏོང་རྒྱུར་མཐུན་རྐྱེན་ལྡན་པའི་ཁོར་ཡུག་སྐྲུན་དགོས།
དོན་ཚན་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བའི་སྲིད་ཇུས་བཟོ་འདོན་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་རྒྱུའི་ལས་དོན་ཐད་གཅིག་གྱུར་འཆར་འགོད་བྱེད་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ལས་དོན་ཐད་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ཁེ་ལས་འབྲིང་ཆུང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་ནས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་བའི་ལས་ཀའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་ལྡན་པའི་ངང་ཐག་གཅོད་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དཔལ་འབྱོར་ཆ་འཕྲིན་ཅན་སྡེ་ཚན་གྱིས་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་རྒྱུའི་ལས་དོན་ཐད་ཕྱོགས་བསྡུས་དོ་དམ་བྱེད་འགན་འཁུར་དགོས་པ་དང་། ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་དུ་འཇུག་དགོས་པ། ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་རྒྱུའི་ལས་ཀར་ཕྱོགས་བསྡུས་མཐུན་སྦྱོར་དང་། ཞབས་ཞུ་ཁྲིད་སྟོན། ལྟ་སྐུལ་ཞིབ་བཤེར་བཅས་བྱེད་དགོས།
ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང་)དང་རྫོང་(ཆུད)མི་དམངས་སྲིད་གཞུང་གིས་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་རྒྱུའི་ལས་ཀར་དེ་མཚུངས་ཀྱི་ཕྱོགས་བསྡུས་དོ་དམ་བྱེད་འགན་འཁུར་མཁན་སྡེ་ཚན་ཁ་གསལ་བཟོས་ཏེ་སྲིད་འཛིན་ས་ཁོངས་དེ་གའི་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་རྒྱུའི་ལས་འགན་འཁུར་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་ལྟར་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་རྒྱུའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་བསྡོམས་རྩིས་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གི་བསྡོམས་རྩིས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཁེ་ལས་འབྲིང་ཆུང་གི་བསྡོམས་རྩིས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་ལ་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་ལྟར་འབྲེལ་ཡོད་ཆ་འཕྲིན་འགྲེམས་བསྒྲགས་བྱེད་དགོས།
དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གོང་འཕེལ་བསྒྱུར་བཅོས་དང་། ཁྲོམ་ར་ལྟ་སྐུལ་དོ་དམ། དེ་བཞིན་ཁྲལ་དོན་བཅས་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་ལམ་ལུགས་འཛུགས་པར་སྐུལ་སྤེལ་བཏང་ནས། སྤྱི་ཚོགས་ཅན་གྱི་ཡིད་རྟོན་ཆ་འཕྲིན་འཚོལ་བསྡུ་དང་དཔྱད་གདེང་བྱེད་པའི་མ་ལག་འཛུགས་པ་དང་། ཁེ་ལས་ཀྱི་ཡིད་རྟོན་ཡིག་ཚགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་གྱི་མཉམ་སྤྱོད་ལས་སྟེགས་དང་། རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་གྱི་ཡོངས་བསྒྲགས་མ་ལག ཁྲལ་འཇལ་ཞབས་ཞུའི་ལས་སྟེགས་སོགས་ལ་བརྟེན་ནས་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་ཆ་འཕྲིན་འདྲི་རྩད་དང་། སྤེལ་རེས། མཉམ་སྤྱོད་བཅས་སྤྱི་ཚོགས་ཅན་དུ་འགྱུར་བར་བྱེད་དགོས། དོན་ཚན་བདུན་པ། ཁེ་ལས་འབྲིང་ཆུང་དང་དེའི་མ་རྩ་གཏོང་མཁན་གྱི་རྒྱུ་ནོར་བདག་དབང་དང་གཉེར་སྐྱོང་རང་དབང་སོགས་པའི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད་པས། ཚན་པ་གང་དང་མི་སུ་ཞིག་ཡིན་རུང་གནོད་འཚེ་གཏོང་མི་ཆོག
ཁེ་ལས་འབྲིང་ཆུང་གིས་ངེས་པར་དུ་ཁྲིམས་ལྟར་གཉེར་སྐྱོང་དང་ཁ་དན་ཚིག་གནས་བྱས་ཏེ་རྒྱལ་ཁབ་ཀྱི་ངལ་རྩོལ་ལས་མི་བཀོལ་སྤྱོད་དང་། ཉེན་མེད་ཐོན་སྐྱེད། ལས་རིགས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ཐོན་ཁུངས་ཁོར་ཡུག སྤུས་ཚད་ཚད་གཞི། ཤེས་རིག་བདག་དབང་། ནོར་སྲིད་ཁྲལ་བསྡུ་སོགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ལས་རིགས་ཀྱི་ཚད་གཞིར་བརྩི་སྲུང་ཞུ་བ། ནང་ཁུལ་གྱི་དོ་དམ་ཚད་ལྡན་བཟོ་བ། གཉེར་སྐྱོང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་ལས། རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་གཏོང་མི་ཆོག
ལེའུ་གཉིས་པ། ནོར་ཁྲལ་གྱི་རྒྱབ་སྐྱོར།
དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་རིམ་པ་དེ་གའི་ནོར་སྲིད་ཀྱི་སྔོན་རྩིས་ནང་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱེད་དགོས་པ་མ་ཟད། མ་འཇོག་བྱེད་རྒྱ་རིམ་བཞིན་ཆེ་རུ་གཏོང་བ་དང་། རྒྱབ་སྐྱོར་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱང་བྱེད་དགོས།
དོན་ཚན་དགུ་པ། ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་དེ་རོགས་དངུལ་སྤྲོད་པ་དང་། ཞབས་ཞུ་ཉོ་སྒྲུབ་བྱེད་པ། བྱ་དགའ་སྤྲོད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མ་ལག་དང་མ་དངུལ་བསྡུ་རྒྱུག་ཞབས་ཞུའི་མ་ལག་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་གཙོ་གནད་དུ་སྤྱད་དེ་ཁེ་ལས་འབྲིང་ཆུང་ཕྱོགས་སྒྱུར་རིམ་སྤོར་དང་། བྱ་གཞག་གསར་སྐྲུན་གསར་གཏོད། ལག་རྩལ་བསྒྱུར་བཀོད། ཁྲོམ་ར་གསར་འབྱེད་སོགས་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས།
ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་དེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་འཕར་གཟིགས་བྱ་རྒྱུ་དང་། མ་དངུལ་དོ་དམ་དང་བེད་སྤྱོད་བྱེད་སྐབས་ཡོངས་བསྒྲགས་དང་། ཕྱི་གསལ་ནང་གསལ། ཚད་ལྡན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་སྔོན་རྩིས་ཀྱི་ལས་རྗེས་ལ་དོ་དམ་བྱེད་དགོས།
དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁེ་ལས་གོང་འཕེལ་གཏོང་རྒྱུར་མཁོ་བའི་ཚན་རྩལ་དང་ཚོང་དོན་སོགས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་གཞན་དག་ངེས་པར་དུ་ཆ་རྐྱེན་འཛོམས་པའི་ཁེ་ལས་འབྲིང་ཆུང་ལ་འཕར་གཟིགས་བྱེད་དགོས་པ་མ་ཟད། ཁེ་ལས་འབྲིང་ཆུང་གི་ལག་རྩལ་གསར་གཏོད་དང་། གཉེར་སྐྱོང་བྱེད་ལམ་གསར་གཏོད། ཞབས་ཞུ་གསར་གཏོད། དེ་བཞིན་འཁོར་སྐྱོད་དཔལ་འབྱོར་དང་། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་། གཙང་ལྡན་ཐོན་སྐྱེད་སོགས་ལ་གཙོ་གནད་དུ་རོགས་སྐྱོར་བྱེད་དགོས།
དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་དང་། ནོར་སྲིད། དེ་བཞིན་ཁྲལ་དོན་བཅས་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་ལྟར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་ཆག་ཡང་ངམ་རྩ་ཆག་དང་། ནོར་སྲིད་བྱ་དགའ། ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱེད་པ་དང་སྦྲགས་དོན་འཁྱོལ་བྱས་ནས་ཆ་རྐྱེན་འཛོམས་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཁྲིམས་བཞིན་ཁེ་ལས་ཀྱི་ཐོབ་ཁྲལ་དང་གནས་ཐང་འཕར་ཁྲལ་ཕྱིར་འགྱངས་བྱེད་པ་དང་། ཆག་ཡང་གཏོང་བ། རྩ་ཆག་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱོད་པ་དང་། ཁྲལ་རིན་གཉེར་སྒྲུབ་བྱ་རིམ་སྟབས་བདེར་གཏོང་བ། ཁེ་ལས་འབྲིང་ཆུང་གིས་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུའི་ཐད་ཁྲིད་སྟོན་དང་རོགས་རམ་བཅས་བྱེད་དགོས།
ལེའུ་གསུམ་པ། མ་དངུལ་བསྡུ་རྒྱུག་ལ་སྐུལ་སྤེལ་གཏོང་རྒྱུའི་སྐོར།
དོན་ཚན་བཅུ་གཉིས་པ། དངུལ་རྩའི་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱིས་བཟོ་འབེབས་བྱས་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་རྩའི་ཞབས་ཞུར་ཁྱད་པར་ཡོད་པའི་ལྟ་སྡོམ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཉེན་བུན་ཐེག་ཚད་འོས་འཚམ་མཐོ་རུ་གཏོང་རྒྱུ་སོགས་ཀྱི་བྱ་ཐབས་སྤྱད་ནས། དངུལ་རྩའི་ལས་ཁུངས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་རྒྱུག་བྱེད་རྒྱ་དང་བསྡུར་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་དངུལ་རྩའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལྟར་ཀུན་ཕན་དངུལ་རྩའི་གོང་འཕེལ་ལ་སྐུལ་སྤེལ་བཏང་ནས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱེད་པར་ཁྲིད་སྟོན་བྱས་ནས། ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གཏོང་བའི་འཆར་གཞི་ལོགས་སུ་བཏིང་སྟེ་ཁེ་ལས་འབྲིང་ཆུང་གི་ཁྱད་ཆོས་དང་འཚམ་པའི་ཡིད་རྟོན་ལམ་ལུགས་འཛུགས་དགོས།
དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ནང་ཁུལ་གྱི་དཔྱད་ཞིབ་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཡིད་རྟོན་འགན་བསྒྲུབས་བྱས་ཕྱིན་འགན་འདེད་མི་གཏོང་བའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། ཁྲོམ་རའི་མདུན་ལམ་ཡག་པོ་ཡོད་པ་མ་ཟད་གཉེར་སྐྱོང་ཐད་ཡིད་རྟོན་ཐུབ་ཀྱང་གནས་སྐབས་དཀའ་ངལ་ཡོད་པའི་ཁེ་ལས་འབྲིང་ཆུང་ལ་ཡིད་རྟོན་དངུལ་བུན་གཏོང་བའི་ཐོག་ནས་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་བཅུ་གསུམ་པ། དངུལ་རྩའི་ལས་ཁུངས་ཀྱིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་རྒྱུག་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་ལ་དངུལ་བུན་གཏོང་བའི་ལས་རིམ་སྟབས་བདེ་རུ་བཏང་སྟེ། ནོར་དོན་འདྲི་རྩད་དང་། ཡིད་རྟོན་དངུལ་བུན། དུས་རྩིས། མ་འཇོག་དོ་དམ་སོགས་ཀྱི་ཐོག་ནས་ཁེ་ལས་འབྲིང་ཆུང་ལ་ལས་ཕྱོད་ཆེ་ཞིང་། དྲང་སྙོམས་དང་སྟབས་བདེ་བའི་ཞབས་ཞུ་མཁོ་འདོན་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་དངུལ་བུན་ལ་སྐུལ་ལྕག་གཏོང་ལམ་བཙུགས་ནས་ཉེན་ཁུར་ཁ་གསབ་དང་ཁག་ཐེག་གྲོན་དངུལ་གྱི་ཁ་གསབ་སོགས་སྤྲོད་པའི་བྱ་ཐབས་སྤྱད་དེ་དངུལ་རྩའི་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སྒྲིག་དང་ཡིད་རྟོན་དངུལ་བུན་གྱིས་ཐོན་རྫས་གསར་གཏོད་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཁེ་ལས་འབྲིང་ཆུང་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རིགས་ཁག་གི་དངུལ་རྩའི་ལས་ཁུངས་ཀྱིས་ཁེ་ལས་འབྲིང་ཆུང་གི་ཁྱད་ཆོས་དང་འཚམ་པའི་དངུལ་རྩའི་ཐོན་རྫས་གསར་སྤེལ་དང་མཁོ་འདོན་བྱ་རྒྱུར་སྐུལ་མ་གཏོང་དགོས།
དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་གཞུང་དང་། དངུལ་རྩའི་ལས་ཁུངས། ཁེ་ལས་འབྲིང་ཆུང་བཅས་ཕྱོགས་གསུམ་པོའི་གྲོས་མོལ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས། ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་རྒྱུག་གནད་དོན་ལ་ཞིབ་འཇུག་དང་མཐུན་སྦྱོར་བྱས་ཁར། ཐོན་ལས་དང་དངུལ་རྩའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་འབྲིང་ཆུང་ལ་མ་དངུལ་བསྡུ་རྒྱུག་གི་ཐོག་ནས་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་བཅོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གི་སྲིད་ཇུས་རང་བཞིན་གྱི་ཡིད་རྟོན་ཁག་ཐེག་མ་ལག་བཙུགས་ནས་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་ཁུངས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཉེན་ཁུར་ཁ་གསབ་སྤྲོད་པ་དང་མ་རྩ་སྣོན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་ཁུངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་འབྲིང་ཆུང་ལ་མ་གནས་དམའ་བ་དང་ལས་ཕྱོད་ཆེ་བའི་ཁག་ཐེག་ཞབས་ཞུ་སྒྲུབ་དགོས། ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་ཁག་ཐེག་མ་ལག་འཛུགས་སྐྱོང་བྱེད་པའི་ནང་སྤྱི་ཚོགས་ཀྱི་མ་རྩ་འཇོག་རྒྱུར་ཁྲིད་སྟོན་བྱས་ཏེ་རིགས་ཁག་གི་སྤྱི་ཚོགས་ཁག་ཐེག་ལས་ཁུངས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ཡིད་རྟོན་ཁག་ཐེག་བྱ་རྒྱུར་སྐུལ་མ་གཏོང་དགོས།
སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་ཁུངས་ཀྱིས་ངེས་པར་དུ་ཆ་རྐྱེན་འཛོམས་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་གཙོ་གནད་དུ་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་ཞབས་ཞུ་བསྒྲུབས་ནས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་བྱེད་རྒྱ་དང་བཟུང་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས།
དོན་ཚན་བཅུ་དྲུག་པ། དངུལ་རྩའི་ལས་ཁུངས་ཀྱིས་ཁག་ཐེག་མ་དངུལ་བསྡུ་རྒྱུག་བྱེད་རྒྱ་ཆེ་རུ་བཏང་སྟེ་ཁེ་ལས་འབྲིང་ཆུང་ལ་བསྡུ་དགོས་པའི་རྩིས་དངུལ་དང་། ཤེས་རིག་བདག་དབང་། བོགས་གཏོང་བྱེད་དབང་། རྐང་དབང་། མངགས་ཐོ། བསགས་དངོས། འཕྲུལ་འཁོར་སྒྲིག་ཆས་སོགས་གཏའ་འཇོག་དངོས་ཟོག་ཏུ་བྱས་པའི་ཁག་ཐེག་མ་དངུལ་བསྡུ་རྒྱུག་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གི་ཉོ་སྒྲུབ་བྱེད་མཁན་དང་ཁེ་ལས་ཆེ་གྲས་ཀྱིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གི་བུ་ལོན་བསྡུ་དབང་དང་འཇལ་དབང་གི་འབྲེལ་བ་གང་ཡིན་དུས་ཐོག་ཏུ་ངོས་འཛིན་གཏན་འཁེལ་བྱེད་དགོས་པ་མ་ཟད། ཁེ་ལས་འབྲིང་ཆུང་གིས་བསྡུ་དགོས་པའི་རྩིས་དངུལ་སྤྱད་ནས་མ་དངུལ་བསྡུ་རྒྱུག་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་བཅུ་བདུན་པ། ཆ་རྐྱེན་ཡོད་པའི་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱས་ཏེ་ཁྲོམ་འགྲེམས་མིང་སྦྱར་དང་། བུན་འཛིན་འགྲེམ་སྤེལ། རྐང་དབང་མ་རྩ་བསྡུ་རྒྱུག་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་འཁོད་པའི་བྱེད་ཐབས་སྤྱད་ནས་ཐད་ཀར་མ་དངུལ་བསྡུ་རྒྱུག་བྱེད་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གི་ཁྲོམ་འགྲེམས་ཐོན་ཁུངས་སྐྱོང་སྤེལ་བྱས་ཏེ། དངུལ་ལོར་དང་། རྩིས་གཉེར། བཅའ་ཁྲིམས་སོགས་ཆེད་ལས་ཞབས་ཞུའི་ལས་ཁུངས་ཀྱིས་ཆ་རྐྱེན་འཛོམས་པའི་ཁེ་ལས་འབྲིང་ཆུང་གི་ཁྲོམ་འགྲེམས་མིང་སྦྱར་དང་། བུན་འཛིན་འགྲེམ་སྤེལ། རྐང་དབང་མ་རྩ་བསྡུ་རྒྱུག་བཅས་ལ་མཛུབ་ཁྲིད་དང་ཞབས་ཞུ་བསྒྲུབ་རྒྱུའི་ཐད་ཁྲིད་སྟོན་བྱེད་དགོས།
ལེའུ་བཞི་པ། བྱ་གཞག་གསར་སྐྲུན་ལ་རོགས་སྐྱོར་བྱ་རྒྱུའི་སྐོར།
དོན་ཚན་བཅོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱ་གཞག་གསར་སྐྲུན་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་བཟོ་འདོན་དང་འཐུས་ཚང་དུ་བཏང་སྟེ། བྱ་གཞག་གསར་སྐྲུན་ལ་བརྟེན་ནས་ལས་ཞུགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས། རིགས་ཁག་ཁེ་ལས་འབྲིང་ཆུང་གི་འཛུགས་གཉེར་ལ་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་ཁྱད་ཆོས་དང་འཚམ་པའི་བྱ་གཞག་གསར་སྐྲུན་གྱི་ཞབས་ཞུའི་མ་ལག་ཅིག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
དོན་ཚན་བཅུ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བྱ་གཞག་གསར་སྐྲུན་གསར་གཏོད་རྟེན་གཞི་དང་། ཀུན་གཏོད་བྱ་ཡུལ། སྐྱོང་སྤེལ་རྟེན་གཞི་སོགས་བྱ་གཞག་གསར་སྐྲུན་གསར་གཏོད་ཀྱི་གཞི་རྟེན་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྤྱོད་རྒྱུའི་ས་ཆ་དང་། ས་ཡུལ། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་སོགས་ཀྱི་ཐད་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། མ་དངུལ་ཐོག་ནས་རོགས་སྐྱོར་བྱས་ཏེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཐོག་མའི་གསར་གཏོད་མ་གནས་དམའ་རུ་བཏང་ནས་ཁེ་ལས་གཞི་ཚུགས་ཏེ་སྐྱོང་སྤེལ་ཐུབ་ཚད་མཐོ་རུ་གཏོང་དགོས།
དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བའི་དགོས་མཁོར་གཞིགས་ནས་གཞུང་ཁོངས་བར་སྟོང་འཆར་འགོད་བྱེད་པའི་ཁྲོད་དགོས་ངེས་ཀྱི་ས་ཆ་དང་སྒྲིག་བཀོད་བཀོད་སྒྲིག་བྱས་ཏེ་ཁེ་ལས་འབྲིང་ཆུང་ལ་ཐོན་སྐྱེད་གཉེར་སྐྱོང་བྱེད་ས་ཐོབ་པར་སྟབས་བདེ་སྐྲུན་དགོས། སྔོན་གཏོང་རྗེས་བཤུག་དང་། བོགས་གཏོང་དང་ཚོང་བཤུག་ཟུང་འབྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བྱ་གཞག་གསར་སྐྲུན་གསར་གཏོད་ཀྱི་གཞི་རྟེན་དང་། དེ་བཞིན་འཚར་ལོངས་རྣམ་པ་དང་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་གི་ས་ཆ་འགན་སྲུང་བྱེད་དགོས། བེད་མེད་དུ་བཞག་པའི་ཚོང་ལས་ཁང་པ་དང་། བཟོ་ལས་ཀྱི་བཟོ་ཁང་། ཁེ་ལས་ཀྱི་མཛོད་ཁང་། ཟོག་འགྲེམས་སྒྲིག་བཀོད་སོགས་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ནས་ཁེ་ལས་འབྲིང་ཆུང་གི་བྱ་གཞག་གསར་སྐྲུན་པར་མ་གནས་དམའ་བའི་ཐོན་སྐྱེད་གཉེར་སྐྱོང་བྱེད་ས་མཁོ་འདོན་བྱེད་དགོས།
དོན་ཚན་ཉེར་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ལ་དུས་ཐོག་ཏུ་གསལ་འགྲེལ་དང་དྲིལ་བསྒྲགས་བྱེད་དགོས་པ་མ་ཟད། སྲིད་གཞུང་གི་དྲ་ཚིགས་དང་། སྤྱི་པའི་ཞབས་ཞུའི་ལས་སྟེགས། དྲིལ་བསྒྲགས་དཔྱད་ཡིག གསོ་སྦྱོང་འཆད་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་བྱ་གཞག་གསར་སྐྲུན་པར་ཁྲོམ་རའི་ལྟ་སྡོམ་དང་། ནོར་ཁྲལ། དངུལ་རྩ། སྐྱེ་ཁམས་ཁོར་ཡུག ཉེན་མེད་ཐོན་སྐྱེད། ངལ་རྩོལ་ལས་མི། སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་བཅའ་ཁྲིམས་སྲིད་ཇུས་བློ་འདྲི་དང་སྤྱི་པའི་ཆ་འཕྲིན་གྱི་ཞབས་ཞུ་རིན་མེད་ཐོག་མཁོ་འདོན་བྱེད་དགོས།
མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གསོའི་སློབ་གླིང་སོགས་ཀྱིས་སློབ་མར་བྱ་གཞག་གསར་སྐྲུན་ཐད་ཀྱི་སྦྱོང་བརྡར་སྤྲོས་རྒྱུར་སྐུལ་མ་གཏོང་དགོས་པ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་བྱ་གཞག་གསར་སྐྲུན་ལ་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་འབྲེལ་བྱ་གཞག་གསར་སྐྲུན་ལ་མཛུབ་ཁྲིད་བྱེད་དགོས།
དོན་ཚན་ཉེར་གཉིས་པ། མཐོ་རིམ་སློབ་གླིང་གི་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ལས་ཤོར་མི་སྣ། དབང་པོ་སྐྱོན་ཅན་སོགས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཛུགས་གཉེར་བྱས་ཚེ། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སྤྱོད་བྱས་ཆོག་ལ་གྲོན་དངུལ་ཆག་ཡང་དང་རྩ་ཆག་བཏང་ཆོག
མཐོ་རིམ་སློབ་གླིང་གི་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཛུགས་གཉེར་བྱེད་སྐབས་འབྲེལ་ཡོད་གཏན་འབེབས་ལྟར་ས་གནས་དེ་གའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ལ་བྱ་གཞག་གསར་སྐྲུན་གྱི་ཁ་གསབ་གནང་རེ་ཞུས་ཆོག
དོན་ཚན་ཉེར་གསུམ་པ། གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཛུགས་སྐྲུན་ནང་ཁེ་ལས་འབྲིང་ཆུང་ཞུགས་རྒྱུར་སྐུལ་མ་གཏོང་དགོས།
ལེའུ་ལྔ་པ། གསར་གཏོད་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར།
དོན་ཚན་ཉེར་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གིས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་ལག་རྩལ་དང་། ཐོན་རྫས། དོ་དམ་བྱེད་སྟངས། ཚོང་ལས་ཀྱི་རྣམ་པ་སོགས་གསར་གཏོད་བྱ་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས། ཁེ་ལས་འབྲིང་ཆུང་ཆེད་ལས་ཅན་དང་། ཞིབ་ཕྲ་ཅན། ཁྱད་ཆོས་ཅན། དཔེ་གསར་ཅན་བཅས་སུ་གོང་འཕེལ་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས། འཚར་ལོངས་རང་བཞིན་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཅན་དང་། ཚན་རྩལ་གསར་གཏོད་ཅན། ཐོན་ཁུངས་གྲོན་ཆུང་ཅན་བཅས་ཀྱི་ཁེ་ལས་འབྲིང་ཆུང་སྐྱོང་སྤེལ་བྱེད་དགོས། ལག་རྩལ་ཡར་ཐོན་བྱུང་བ་སོགས་ཀྱི་རྐྱེན་པས་ཁེ་ལས་འབྲིང་ཆུང་གི་གཏན་འཇགས་རྒྱུ་ནོར་རྙིང་གཅོག་ཇེ་མགྱོགས་སུ་གཏོང་དགོས་པའི་རིགས། ཁྲིམས་ལྟར་རྙིང་གཅོག་གི་ལོ་ཚད་ཐུང་དུ་བཏང་ཆོག་པའམ་ཡང་ན་རྙིང་གཅོག་ཇེ་མགྱོགས་སུ་གཏོང་ཐབས་སྤྱད་ཆོག
ཁེ་ལས་འབྲིང་ཆུང་གིས་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། བཟོ་རྩལ་གསར་པ་བཅས་གསར་སྤེལ་བྱེད་སྐབས་ཐོན་པའི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་མ་འཇལ་གོང་གཏོང་སྒོའི་ནང་བཅུག་པ་མ་ཟད་སྣོན་རྩིས་བརྒྱབ་སྟེ་འཐེན་ཆོག་པ་དང་། ཁེ་ལས་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དཔྱད་ཆས་དང་སྒྲིག་ཆས་རྙིང་གཅོག་ཇེ་མགྱོགས་སུ་བཏང་ཆོག
དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་པར་རྨང་གཞིའི་ཆ་རྐྱེན་དང་། ལག་རྩལ་གྱི་ཞབས་ཞུ། འདེགས་སྐྱོར་བཅས་མཁོ་འདོན་བྱེད་དགོས་པ་མ་ཟད། རིགས་ཁག་གི་གསར་གཏོད་ཞབས་ཞུའི་ལས་ཁུངས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ལག་རྩལ་ཆ་འཕྲིན་དང་། ཞིབ་འཇུག་གསར་སྤེལ་གྱི་ཇུས་འགོད་དང་བེད་སྤྱོད། སྤུས་ཚད་ཀྱི་ཚད་གཞི། ཚོད་ལྟ་ཚོད་བགམ། ཞིབ་དཔྱད་ཚད་ལེན། ལག་རྩལ་བཤུག་སྤྲོད། ལག་རྩལ་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་ལ་སྐུལ་འདེད་དང་། ཁེ་ལས་ཀྱི་ལག་རྩལ་དང་ཐོན་རྫས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།
དོན་ཚན་ཉེར་དྲུག་པ། ཁེ་ལས་འབྲིང་ཆུང་གིས་རང་བརྟེན་ཤེས་རིག་བདག་དབང་ཡོད་པའི་ལག་རྩལ་དང་ཐོན་རྫས་ལ་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུར་སྐུལ་མ་བཏང་སྟེ་ནང་ཁུལ་ཤེས་རིག་བདག་དབང་གི་དོ་དམ་བྱེད་སྟངས་ཚད་ལྡན་བཟོས་ནས་ཤེས་རིག་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས། ཁེ་ལས་འབྲིང་ཆུང་ལ་ཤེས་རིག་བདག་དབང་གི་འགན་བཅོལ་ནང་ཞུགས་རྒྱུའི་སྐུལ་མ་གཏོང་དགོས། ཁེ་ལས་འབྲིང་ཆུང་གི་ཤེས་རིག་བདག་དབང་རེ་ཞུ་དང་རྒྱུན་འཁྱོངས་བྱེད་པའི་འགྲོ་གྲོན་སོགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།
དོན་ཚན་ཉེར་བདུན་པ། ཁེ་ལས་འབྲིང་ཆུང་ལ་ནུས་བསྲི་ཁོར་སྲུང་དང་། གཙང་ལྡན་ཐོན་སྐྱེད། ཐོན་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་སོགས་བྱེད་པའི་ལག་རྩལ་བསྒྱུར་བཀོད་དང་གསར་གཏོད་བྱ་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས། ཆ་རྐྱེན་འཛོམས་པའི་ཁེ་ལས་འབྲིང་ཆུང་གི་ལག་རྩལ་བསྒྱུར་བཀོད་རྣམ་གྲངས་ལ་ཁ་གསབ་རོགས་དངུལ་སྤྲོད་དགོས། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་དང་དེའི་ཚན་རྩལ་གསར་གཏོད་རྣམ་གྲངས་ལ་འབྲེལ་ཡོད་གཏན་འབེབས་ལྟར་རིན་མེད་རོགས་དངུལ་སྤྲོད་པའམ་ཡང་ན་མ་རྩ་འཇོག་དགོས། ཁག་ཐེག་ལས་ཁུངས་གྱིས་ཁེ་ལས་འབྲིང་ཆུང་ལ་ཚན་རྩལ་གསར་གཏོད་རྣམ་གྲངས་ཀྱི་དངུལ་བུན་གཏོང་བར་ཁག་ཐེག་བྱེད་སྐབས། འབྲེལ་ཡོད་གཏན་འབེབས་ལྟར་ཁག་ཐེག་བྱ་དགའ་འམ་ཡང་ན་ཉེན་ཁུར་ཁ་གསབ་སྤྲོད་དགོས།
ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གྲྭས་ཁེ་ལས་འབྲིང་ཆུང་དང་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་འབྲས་བུ་དངོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་ཐད་སྐུལ་མ་གཏོང་དགོས། ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གྲྭས་ཚན་པ་དེ་གའི་ཚན་ཞིབ་པས་ལས་འགན་གཅིག་ལྕོཌ་འཁུར་བ་དང་། གནས་སྦྱར་བྱེད་པ། རྣམ་གྲངས་མཉམ་ལས་ནང་ཞུགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཁེ་ལས་འབྲིང་ཆུང་དུ་ཞིབ་འཇུག་གསར་སྤེལ་གྱི་བྱེད་སྒོ་སྤེལ་རོགས་བྱ་རྒྱུའི་ཐད་སྐུལ་མ་གཏོང་དགོས་པ་མ་ཟད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེ་མཚུངས་ཀྱི་ཐོབ་ཆ་ལེན་དགོས། ཚན་ཞིབ་ལས་ཁུངས་དང་། མཐོ་རིམ་སློབ་གྲྭ ཁེ་ལས་ཆེ་གྲས་བཅས་ཀྱིས་ཚན་རིག་གི་དཔྱད་ཆས་དང་སྒྲིག་ཆས་དང་ཚན་རིག་གི་གཞི་གྲངས་སོགས་ཚན་རྩལ་ཐོན་ཁུངས་དེ་དག་ཁེ་ལས་འབྲིང་ཆུང་ལ་ཕྱོགས་ནས་སྒོ་དབྱེ་མཉམ་སྤྱོད་བྱ་རྒྱུར་སྐུལ་མ་གཏོང་དགོས།
ལེའུ་དྲུག་པ། ཁྲོམ་ར་གསར་གཏོད་བྱ་རྒྱུའི་སྐོར།
དོན་ཚན་ཉེར་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁེ་ལས་ཆེ་གྲས་དང་ཁེ་ལས་འབྲིང་ཆུང་མཉམ་འདྲེས་གོང་འཕེལ་གཏོང་བར་སྐུལ་མ་བཏང་སྟེ། ཁེ་ལས་ཆེ་གྲས་དང་ཁེ་ལས་འབྲིང་ཆུང་དབར་རྣམ་གྲངས་དང་། ལག་རྩལ། མཁོ་སྤྲོད་སོགས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་དུ་བཅུག་ནས་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེ་གྲས་དབར་ཚང་སྒྲིག་མཉམ་ལས་དང་མཐུན་སྦྱོར་གསར་གཏོད་བྱ་རྒྱུར་ཁྲིད་སྟོན་བྱས་ཐོག ཁེ་ལས་འབྲིང་ཆུང་གི་ཐོན་རྫས་དང་ཞབས་ཞུ་དེ་ཁེ་ལས་ཆེ་གྲས་ཀྱི་ཐོན་ལས་འཁོར་འབྲེལ་དང་། མཁོ་སྤྲོད་འཁོར་འབྲེལ། གསར་གཏོད་འཁོར་འབྲེལ་བཅས་ཀྱི་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གི་སྲིད་གཞུང་ཉོ་སྒྲུབ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་དགོས།
ཁེ་ལས་འབྲིང་ཆུང་གིས་མཁོ་འདོན་བྱེད་ཐབས་མེད་པའི་ཚོང་ཟོག་དང་ཞབས་ཞུ་ཕུད། སྲིད་གཞུང་གིས་ཉོ་སྒྲུབ་བྱེད་སྐབས་ཁེ་ལས་འབྲིང་ཆུང་ལ་སྔོན་དུ་བཞག་པའི་ཉོ་སྒྲུབ་སྐལ་གྲངས་དེས་ངེས་པར་དུ་སྡེ་ཚན་དེ་གའི་ལོ་འཁོར་མོའི་སྲིད་གཞུང་ཉོ་སྒྲུབ་རྣམ་གྲངས་ཀྱི་སྔོན་རྩིས་བསྡོམས་འབོར་ཁྲོད་བརྒྱ་ཆ་སུམ་ཅུ་ཡན་ཟིན་དགོས་པ་དང་། དེའི་ནང་ཁེ་ལས་ཆེས་ཆུང་གྲས་ལ་སྔོན་དུ་བཞག་པའི་བསྡུར་ཚད་བརྒྱ་ཆ་དྲུག་ཅུ་ལས་མི་དམའ་བ་བྱེད་དགོས། སྲིད་གཞུང་གིས་ཉོ་སྒྲུབ་བྱེད་སྐབས་ཁེ་ལས་ཀྱི་མ་རྐང་འཛིན་དབང་གྲུབ་ཆ་དང་། གཉེར་སྐྱོང་ལོ་ཚད། གཉེར་སྐྱོང་བྱེད་རྒྱ། དེ་བཞིན་ནོར་དོན་དམིགས་ཚད་སོགས་ཀྱི་ཐད་ཁེ་ལས་འབྲིང་ཆུང་ལ་ཁྱད་ཡོད་ཀྱི་ཐོབ་ཐང་ངམ་ཡང་ན་སྣང་ཆུང་གི་ཐོབ་ཐང་ལག་བསྟར་བྱེད་མི་ཆོག
སྲིད་གཞུང་ཉོ་སྒྲུབ་སྡེ་ཚན་གྱིས་ངེས་པར་དུ་སྲིད་གཞུང་ཉོ་སྒྲུབ་ལྟ་སྡོམ་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་སྨྱན་སྦྱོར་བརྒྱུད་དུས་ཐོག་ཏུ་སྤྱི་ཚོགས་ཡོངས་ལ་ཉོ་སྒྲུབ་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ། ཉོ་སྒྲུབ་སྔོན་རྩིས་དང་། ཉོ་སྒྲུབ་བྱེད་རིམ། ཉོ་སྒྲུབ་བྱས་འབྲས་བཅས་བརྒྱུད་རིམ་ཧྲིལ་པོའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་ཁེ་ལས་འབྲིང་ཆུང་དྲང་གཞག་ངང་སྲིད་གཞུང་གི་ཉོ་སྒྲུབ་ནང་ཞུགས་པར་མཛུབ་ཁྲིད་བྱེད་པ་དང་འབྲེལ་དེ་ཐད་ཞབས་ཞུ་སྒྲུབ་དགོས།
དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཆེད་མངགས་ཁེ་ལས་འབྲིང་ཆུང་ལ་ཁ་ཕྱོགས་པའི་འགྲེམས་སྟོན་དང་འགྲེམས་འཚོང་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཁེ་ལས་འབྲིང་ཆུང་ལ་འགྲེམས་སྟོན་དང་། ཉོ་ཚོང་། མཉམ་ལས། སྤེལ་རེས་བཅས་ཀྱི་ལས་སྟེགས་བསྐྲུན་པ་དང་། ཁེ་ལས་འབྲིང་ཆུང་ལ་མཁོ་སྤྲོད་ཐད་སྦྲེལ་བྱེད་ལམ་འཛུགས་རྒྱུར་རོགས་རམ་བྱས་ཏེ་ཁྲོམ་ར་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་དགོས།
དོན་ཚན་སོ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚོང་དོན་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་བཅའ་ཁྲིམས་བློ་འདྲི་དང་། ཤེས་རིག་བདག་དབང་སྲུང་སྐྱོང་། ལག་རྩལ་རང་བཞིན་གྱི་ཉོ་ཚོང་བྱ་ཐབས། ཐོན་རྫས་ཁས་ལེན་དཔང་འདོན། ཐོན་ལས་གྱི་གནོད་འཚེ་ཉེན་ཟོན་སྔོན་བརྡ་དང་དྲན་སྐུལ་གཏོང་བ་སོགས་ཀྱི་ཐོག་ནས་ཁེ་ལས་འབྲིང་ཆུང་གི་ཐོན་རྫས་དང་ཞབས་ཞུ་ཕྱིར་གཏོང་བྱ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་ཏེ་ཁེ་ལས་འབྲིང་ཆུང་གིས་ཕྱི་ཕྱོགས་སུ་དཔལ་འབྱོར་ལག་རྩལ་མཉམ་ལས་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ལེའུ་བདུན་པ། ཞབས་ཞུ་སྒྲུབ་ཐབས།
དོན་ཚན་སོ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་སྦྲགས་གློད་སྡོམ་ཟུང་འབྲེལ་བྱས་ནས་རང་འགུལ་གྱིས་ཁེ་ལས་འབྲིང་ཆུང་ལ་ཞབས་ཞུ་སྒྲུབ་པ་དང་། ཁེ་ལས་ཀྱི་སྙན་ཞུར་ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེར་གཏོང་བ། དྲ་ཐོག་ནས་ཞིབ་མཆན་འགོད་རྒྱུ་དང་ཞབས་ཞུ་སྒྲུབ་རྒྱུ་ཁྱབ་གདལ་གཏོང་བ། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་གཏོང་བ། དྲང་གཞག་གཅིག་གྱུར་གྱི་ཁྲོམ་རའི་ལྟ་སྡོམ་ལམ་ལུགས་ལག་བསྟར་བྱེད་པ་བཅས་ཀྱི་ཐོག་ནས་བརྟན་ལ་ཁ་གསལ་བ་དང་། སྔོན་དཔག་ཐུབ་པ། དྲང་གཞག་འགྲན་རྩོད་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་དགོས།
དོན་ཚན་སོ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དགོས་མཁོ་དངོས་ལ་གཞིགས་ནས་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་ཁུངས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་སྦྲགས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས།
སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རིགས་ཁག་གི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་ཁུངས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་མ་བཏང་ནས་ཕྱོགས་བསྡུས་ཞབས་ཞུའི་ལས་ཁུངས་དང་ཆེད་ལས་ཞབས་ཞུའི་ལས་ཁུངས་ཐུན་མོང་ཐོག་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས།
དོན་ཚན་སོ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁེ་ལས་འབྲིང་ཆུང་གི་སྐུལ་འདེད་ལས་ཀར་ཕྱོགས་བསྡུས་དོ་དམ་བྱེད་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་སྡེ་ཚན་བརྒལ་བའི་སྲིད་ཇུས་ཆ་འཕྲིན་གྱི་མཉམ་སྦྲེལ་དྲ་རྒྱའི་འགྲེམས་བསྒྲགས་ལས་སྟེགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཁེ་ལས་འབྲིང་ཆུང་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། བྱ་གཞག་གསར་སྐྲུན་གསར་གཏོད། ནོར་སྲིད་ཁྲལ་བསྡུ། མ་དངུལ་བསྡུ་རྒྱུག་གི་ཞབས་ཞུ། ཁྲོམ་ར། ངལ་རྩོལ་ལས་མི་བཀོལ་སྤྱོད། སྤྱི་ཚོགས་འགན་སྲུང་། ཁེ་དབང་སྲུང་སྐྱོང་སོགས་སྲིད་གཞུང་གི་ཞབས་ཞུའི་ཆ་འཕྲིན་སྣ་ཚོགས་དུས་ཐོག་ཏུ་བསྡུ་རུབ་བྱེད་དགོས་པ་མ་ཟད། ཁེ་ལས་ལ་ཕན་འདོགས་པའི་སྲིད་ཇུས་ཀྱི་གསལ་ཐོ་དང་ཁེ་ལས་དང་འབྲེལ་བ་ཡོད་པའི་སྤྱི་པའི་ཞབས་ཞུའི་གསལ་ཐོ་བཟོ་སྒྲིག་བྱས་ནས་ཁེ་ལས་འབྲིང་ཆུང་ལ་སྟབས་བདེ་ཞིང་རིན་དོད་མེད་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་དུས་ཐོག་དང་ཡང་དག་པའི་སྒོ་ནས་ཆ་འཕྲིན་མཁོ་འདོན་བྱེད་དགོས།
དོན་ཚན་སོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁེ་ལས་འབྲིང་ཆུང་གི་སྐུལ་འདེད་ལས་ཀར་ཕྱོགས་བསྡུས་དོ་དམ་བྱེད་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་འཆར་གཞི་ཡོད་པའི་སྒོ་ནས་ཁེ་ལས་འབྲིང་ཆུང་གི་གཉེར་སྐྱོང་དོ་དམ་པར་སྦྱོང་བརྡར་སྤྲོས་རྒྱུ་སྒྲིག་འཛུགས་བྱེད་དགོས་མ་ཟད། ཁེ་ལས་འབྲིང་ཆུང་གི་དོ་དམ་བློ་འདྲིའི་རིགས་གཅིག་མཁས་པའི་མིང་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་འབྲིང་ཆུང་ལ་རིག་སྟོབས་ཀྱིས་འདེགས་སྐྱོར་བྱེད་དགོས།
དོན་ཚན་སོ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་རྩོད་པ་དང་། གཞུང་དཔང་། ཁྲིམས་འཛིན་དཔྱད་འདོམས། འདུམ་འགྲིག འདུམ་གཅོད་སོགས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་སྒྲིལ་སྤྱོད་བྱེད་པ་དང་སྦྲགས། ཁེ་ལས་འབྲིང་ཆུང་གི་བཅའ་ཁྲིམས་ཞབས་ཞུའི་དཔུང་ཁག་བཙུགས་ཏེ་ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།
དོན་ཚན་སོ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་དཀའ་སེལ་དང་ཉེན་ཁར་ཁ་གཏད་གཅོག་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རང་བྱུང་གནོད་འཚེ་དང་། ལས་འཛོལ་གནོད་འཚེ། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། དེ་བཞིན་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་དོན་རྐྱེན་སོགས་ཐོལ་བྱུང་དོན་རྐྱེན་ནམ་ཡང་ན་ཁེ་ལས་འབྲིང་ཆུང་གི་ཐོན་སྐྱེད་གཉེར་སྐྱོང་ལ་གནོད་པའི་དོན་རྐྱེན་ཚབས་ཆེན་ཐོན་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་བྱེད་ཐབས་སྤྱད་དེ་ཁེ་ལས་འབྲིང་ཆུང་ལ་དུས་ཐོག་ཏུ་རོགས་སྐྱོར་དཀའ་སེལ་གྱིས་ཉེན་ཁར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཐོལ་བྱུང་དོན་རྐྱེན་གྱི་རྐྱེན་པས་གཉེར་སྐྱོང་བྱེད་ཁག་པོར་གྱུར་པའི་ཁེ་ལས་འབྲིང་ཆུང་ལ་ངེས་པར་དུ་འཕྲལ་མར་ཁྲལ་རིན་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་ཁ་གསབ་སྤྲོད་པ། ལས་ཞུགས་ལ་འགན་སྲུང་བྱེད་པ། མ་དངུལ་བསྡུ་རྒྱུག་ལ་རྒྱབ་སྐྱོར་བྱེད་པ། བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་འབྲིང་ཆུང་གི་དཀའ་ངལ་སེལ་རོགས་བྱེད་དགོས།
དོན་ཚན་སོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རིགས་ཁག་གི་ཞབས་ཞུའི་ལས་ཁུངས་ལ་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་འབྲིང་ཆུང་ལ་བྱ་གཞག་གསར་སྐྲུན་གྱི་སྦྱོང་བརྡར་ཟུར་ཁྲིད་དང་། ཤེས་རིག་བདག་དབང་སྲུང་སྐྱོང་། དོ་དམ་བློ་འདྲི། ཆ་འཕྲིན་བློ་འདྲི། ཡིད་རྟོན་ཞབས་ཞུ། ཁྲོམ་རའི་ཚོང་གཉེར། རྣམ་གྲངས་གསར་སྤེལ། མ་འཇོག་དང་མ་དངུལ་བསྡུ་རྒྱུག ནོར་རྩིས་ཁྲལ་དོན། བདག་དབང་ཉོ་ཚོང་། ལག་རྩལ་གྱི་རྒྱབ་སྐྱོར། ཤེས་ལྡན་པ་ནང་འདྲེན། ཕྱི་ཕྱོགས་དང་མཉམ་ལས། འགྲེམས་སྟོན་འགྲེམས་ཚོང་། བཅའ་ཁྲིམས་བློ་འདྲི་སོགས་བྱེད་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས།
དོན་ཚན་སོ་དགུ་པ། ལས་རིགས་རྩ་འཛུགས་ཀྱིས་ངེས་པར་དུ་ཁྲིམས་བཞིན་ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་རེ་ཞུ་དང་གྲོས་འགོ་གསལ་ཞུ་བྱས་ཐོག ལས་རིགས་ཀྱིས་མཛུབ་ཁྲིད་དང་རང་གཅུན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འབྲིང་ཆུང་གིས་བྱ་གཞག་གསར་སྐྲུན་གསར་གཏོད་དང་ཁྲོམ་ར་གསར་སྤེལ་བྱེད་པ་སོགས་ལ་ཞབས་ཞུ་སྒྲུབ་དགོས།
ལེའུ་བརྒྱད་པ། ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་སྐོར།
དོན་ཚན་བཞི་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཁེ་ལས་འབྲིང་ཆུང་གི་སྐུལ་འདེད་ལས་ཀར་ཕྱོགས་བསྡུས་དོ་དམ་བྱེད་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་སྲིད་གཞུང་དང་ཁེ་ལས་དབར་མཐུན་སྦྱོར་འབྲེལ་གཏུག་བྱེད་ལམ་བཙུགས་ཏེ། ཁེ་ལས་འབྲིང་ཆུང་དང་དེའི་ལས་རིགས་རྩ་འཛུགས་ཀྱིས་སྲིད་གཞུང་གི་འབྲེལ་ཡོད་དོ་དམ་ལས་དོན་བསྒྲུབ་རྒྱུའི་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་ཉན་འཇོག་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ལན་སྤྲད་ནས་ལེགས་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ལས་རིགས་རྩ་འཛུགས་ཀྱིས་ངེས་པར་དུ་ཞུ་གཏུག་དང་ཐེར་འདོན་ལམ་ལུགས་བཙུགས་ཏེ། ཞུ་གཏུག་དང་ཐེར་འདོན་བྱེད་སྟངས་ཡོངས་བསྒྲགས་བྱེད་པ་མ་ཟད། ཁེ་ལས་འབྲིང་ཆུང་གིས་ཞུ་གཏུག་དང་ཐེར་འདོན་བྱས་པ་དེ་དག་བདག་སྤྲོད་བྱས་ནས་གཏན་འབེབས་ཀྱི་དུས་ཚད་ནང་བརྟག་དཔྱད་དང་། ཐག་གཅོད། ལན་སྤྲོད་བཅས་བྱེད་དགོས།
དོན་ཚན་ཞེ་གཅིག་པ། ཁེ་ལས་འབྲིང་ཆུང་གི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྒྲིག་སྲོལ་དང་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་འདོན་བྱེད་སྐབས། ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་དྲང་གཞག་གིས་འགྲན་རྩོད་བྱས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། ཁེ་ལས་འབྲིང་ཆུང་དང་དེའི་ལས་རིགས་རྩ་འཛུགས་ཀྱི་བསམ་འཆར་ཉན་འཇོག་གང་ལེགས་བྱས་ནས་ལམ་ལུགས་འཛུགས་སྐྱོང་བྱེད་པའི་ཁྲོད་དེའི་གནས་ཚུལ་རྟོགས་དབང་དང་། ཐེ་ཞུགས་བྱེད་དབང་། བསམ་ཚུལ་ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་ལ་འགན་སྲུང་བྱེད་དགོས།
དོན་ཚན་ཞེ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྲིད་དོན་གྱི་ཡིད་རྟོན་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྲིད་ཇུས་རྒྱུན་མཐུད་དང་བརྟན་འཁྱོངས་ཡོང་བར་བྱེད་དགོས།
རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་འབྲིང་ཆུང་ལ་ཁྲིམས་བཞིན་བཏོན་པའི་སྲིད་ཇུས་ཀྱི་ཁས་ལེན་དང་ཁྲིམས་བཞིན་བཞག་པའི་གན་རྒྱ་སྣ་ཚོགས་ལག་བསྟར་བྱེད་དགོས་པ་ལས། སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་པ་དང་། སྲིད་གཞུང་གི་སྐབས་བརྗེ་བ། ལས་ཁུངས་སམ་ཡང་ན་འགན་ནུས་ལེགས་སྒྲིག་བྱས་པ། དེ་བཞིན་འབྲེལ་ཡོད་འགན་འཁུར་བ་བརྗེ་པོ་བརྒྱབ་པ་སོགས་ལ་ཁ་གཡར་ནས་ཁ་ཆད་ལས་འགལ་བ་དང་ཁ་ཆད་རྩིས་མེད་དུ་གཏོང་རིགས་བྱེད་མི་ཆོག རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་དབང་གིས་སྲིད་ཇུས་ཀྱི་ཁས་ལེན་དང་། གན་རྒྱའི་ཁ་ཆད་བསྒྱུར་དགོས་ཚེ། ངེས་པར་དུ་ཁྲིམས་བཀོད་ཀྱི་དབང་ཚད་དང་ལས་རིམ་བཞིན་སྒྲུབ་དགོས་པ་མ་ཟད། དེའི་རྐྱེན་གྱིས་ཁེ་ལས་འབྲིང་ཆུང་ལ་བཟོས་པའི་གྱོང་གུན་དེ་དག་ཁྲིམས་བཞིན་གུན་གསབ་སྤྲོད་དགོས།
དོན་ཚན་ཞེ་གསུམ་པ། ལས་ཁུངས་དང་། བྱ་གཞག་ཚན་པ། དེ་བཞིན་ཁེ་ལས་ཆེ་གྲས་བཅས་ཀྱིས་ཉོ་ཚོང་བྱེད་པའི་ཁྲོད་རང་སོ་སོའི་མཐུན་རྐྱེན་གནས་བབ་སྤྱད་དེ། ཁེ་ལས་འབྲིང་ཆུང་ལ་ལུགས་མཐུན་མིན་པའི་དངུལ་སྤྲོད་དུས་བཀག་དང་། རྣམ་པ། ཁ་ཆད་དང་འགལ་བའི་འགན་འཁྲི་སོགས་ཀྱི་ཉོ་ཚོང་ཆ་རྐྱེན་དང་ལེན་བྱེད་དགོས་པའི་བླང་བྱ་འདོན་མི་ཆོག ཁ་ཆད་དང་འགལ་ནས་ཁེ་ལས་འབྲིང་ཆུང་གི་དངོས་ཟོག་དང་། ལས་གྲྭ ཞབས་ཞུ་བཅས་ཀྱི་གྲོན་དངུལ་ཆད་འགྱངས་བྱེད་མི་ཆོག
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྩིས་བཤེར་ལྟ་སྡོམ་དང་ལས་རྗེས་དཔྱད་ཞིབ་བྱེད་སྐབས། ལས་ཁུངས་དང་། བྱ་གཞག་ཚན་པ། དེ་བཞིན་ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་འབྲིང་ཆུང་གི་རྩིས་དངུལ་ཆད་འགྱངས་བྱེད་པའི་བྱ་སྤྱོད་ཞིབ་རྩད་ཐག་གཅོད་དང་ཡོ་བསྲང་བྱེད་དགོས།
དོན་ཚན་ཞེ་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་སྲིད་འཛིན་བཀའ་འཁྲོལ་ལག་བསྟར་དང་། ཁྲིམས་བཞིན་དོ་དམ་ལས་དོན་སྤེལ་དགོས་པ་ལས། ཁེ་ལས་འབྲིང་ཆུང་ལ་བཙན་ཤེད་དམ་ཡང་ན་རྣམ་བསྒྱུར་བཙན་ཤེད་ཀྱིས་ཁེ་ལས་འབྲིང་ཆུང་རིགས་དཔྱད་བསྡུར་དང་། ཚད་ལོན། གཟེངས་བསྟོད། སྦྱོང་བརྡར། དཔྱད་ཞིབ། དཔྱད་འདོམས་སོགས་ཀྱི་བྱེད་སྒོར་ཞུགས་སུ་འཇུག་མི་ཆོག་པ་དང་། གོང་འཁོད་བྱེད་སྒོ་བརྒྱུད་དེ་ཁེ་ལས་འབྲིང་ཆུང་གི་ས་ནས་གྲོན་དངུལ་བསྡུ་བའམ་ཡང་ན་རྣམ་པ་བསྒྱུར་ཏེ་གྲོན་དངུལ་བསྡུ་རིགས་བྱེད་མི་ཆོག
སྡེ་ཚན་གང་ཞིག་ཡིན་རུང་། བྱེད་ཐབས་གང་རུང་སྤྱད་དེ་ཁེ་ལས་འབྲིང་ཆུང་ལ་བཙན་ཤེད་ཀྱིས་མཐུན་འགྱུར་ཞལ་འདེབས་རྒྱག་ཏུ་འཇུག་པ་དང་། ཚགས་པར་དུས་དེབ་དང་སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་མངག་ཉོ་བྱེད་དུ་འཇུག་པ། ཚོགས་པའི་ནང་ཞུགས་སུ་འཇུག་པ། དམིགས་འཛུགས་ཀྱི་ཐོན་རྫས་ཉོ་སྒྲུབ་བྱེད་དུ་འཇུག་པའམ་ཡང་ན་དམིགས་འཛུགས་ཀྱི་ཞབས་ཞུ་དང་ལེན་བྱེད་དུ་འཇུག་པ་བཅས་བྱེད་མི་ཆོག
དོན་ཚན་ཞེ་ལྔ་པ། སྡེ་ཚན་གང་ཞིག་ཡིན་རུང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ཏེ་ཁེ་ལས་འབྲིང་ཆུང་གི་ས་ནས་གྲོན་དངུལ་བསྡུ་མི་ཆོག་པ་དང་། ཁེ་ལས་འབྲིང་ཆུང་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པའི་དངུལ་ཆད་འགེལ་མི་ཆོག་པ། ཁེ་ལས་འབྲིང་ཆུང་ལ་རྒྱུ་ནོར་གྱི་འཁྲི་ཆ་འགེལ་མི་ཆོག་པ། ཁེ་ལས་འབྲིང་ཆུང་ལ་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་དངུལ་བསྡུའི་དཀར་ཆག་གསལ་ཐོ་ཕུད། དེ་མིན་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་དངུལ་བསྡུ་མི་ཆོག་པ། རང་དགར་ཁེ་ལས་འབྲིང་ཆུང་གི་དངུལ་བསྡུའི་ཚད་གཞི་མཐོ་རུ་གཏོང་བ་དང་དངུལ་བསྡུའི་ཁྱབ་ཁོངས་ཆེ་རུ་གཏོང་མི་ཆོག་པ་བཅས་ཡིན།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྲིད་འཛིན་བྱ་གཞག་རང་བཞིན་གྱི་དངུལ་བསྡུའི་དཀར་ཆག་གསལ་ཐོ་དང་། སྲིད་གཞུང་གིས་རིན་གོང་གཏན་འབེབས་བྱས་པའི་གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་དངུལ་བསྡུའི་དཀར་ཆག་གསལ་ཐོ་བཟོ་བ་དང་སྦྲགས་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། འགྱུར་ལྡན་ལེགས་སྒྲིག་བྱས་ནས་ཁེ་ལས་འབྲིང་ཆུང་གི་ས་ནས་དངུལ་བསྡུ་བའི་བྱ་སྤྱོད་ཚད་ལྡན་བཟོ་དགོས།
དོན་ཚན་ཞེ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་འབྲིང་ཆུང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་ཡོད་པ་བྱེད་དགོས་ལ། ཁྲིམས་བཀོད་ལས་རིམ་བཞིན་ནན་ཏན་སྒྲུབ་དགོས་པ་མ་ཟད། སྐབས་བསྟུན་ཟུར་བཤེར་ལམ་སྲོལ་ཡང་འཛུགས་དགོས། སྡེ་ཚན་གཅིག་གིས་ཁེ་ལས་འབྲིང་ཆུང་ལ་ལག་བསྟར་བྱ་རྒྱུའི་ལྟ་སྐུལ་ཞིབ་བཤེར་གྱི་རྣམ་གྲངས་ཁག་མང་པོ་ཟླ་སྒྲིལ་བཏང་ནས་ལག་བསྟར་ཐུབ་ན་ངེས་པར་དུ་ཟླ་སྒྲིལ་ལག་བསྟར་བྱེད་དགོས། སྡེ་ཚན་མི་འདྲ་བས་ཁེ་ལས་འབྲིང་ཆུང་ལ་ལག་བསྟར་བྱ་རྒྱུའི་ལྟ་སྐུལ་ཞིབ་བཤེར་གྱི་རྣམ་གྲངས་མང་པོ་ཟླ་སྒྲིལ་བཏང་ནས་ལེགས་འགྲུབ་ཐུབ་ན། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཟླ་སྒྲིལ་བའམ་མཉམ་འབྲེལ་ཐོག་ཞིབ་བཤེར་བྱེད་དགོས།
ལེའུ་དགུ་པ། ལྟ་སྐུལ་ཞིབ་བཤེར་བྱ་རྒྱུའི་སྐོར།
དོན་ཚན་ཞེ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་དུས་བཀག་ལྟར་ཁེ་ལས་འབྲིང་ཆུང་གི་སྐུལ་འདེད་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། 《ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱེད་དུ་འཇུག་དགོས་པ་མ་ཟད། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀར་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་བཞིན་ཆད་པ་གཅོད་དགོས།
དོན་ཚན་ཞེ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དུས་བཀག་ལྟར་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་སྤྱད་འབྲས་ལ་དམིགས་པའི་ཁེ་ལས་ཀྱི་དཔྱད་གདེང་དང་། སྤྱི་ཚོགས་ཀྱི་དཔྱད་གདེང་། མ་དངུལ་བེད་སྤྱོད་བྱས་ཚུལ་ལ་འགྱུར་ལྡན་ཚོད་སྐོར་བཅས་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། དཔྱད་གདེང་དང་ཚོད་སྐོར་བྱས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་དང་སྦྲགས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།
དོན་ཚན་ཞེ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་། གཤམ་གསལ་བྱ་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་མ་ཟད། ཐད་ཀའི་གཙོ་འགན་འཁུར་མཁན་དང་དང་ཐད་ཀར་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་བཞིན་ཆད་པ་གཅོད་དགོས། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་དགོས་པ་སྟེ།
(གཅིག)ཁྲིམས་བཀོད་ཀྱི་འགན་འཁྲི་བསྒྲུབས་མེད་པའི་རིགས་དང་།
(གཉིས)འགན་དབང་སྤྱད་དེ་ཁེ་ལས་འབྲིང་ཆུང་གི་རྒྱུ་ནོར་ཁྲིམས་འགལ་བཟུང་སྤྱོད་དམ་རིན་དོད་མེད་པར་བེད་སྤྱོད་བཏང་རིགས།
(གསུམ)ཁེ་ལས་འབྲིང་ཆུང་གིས་ཞུ་གཏུག་དང་ཐེར་འདོན་བྱས་པའི་དོན་གནད་ཕྱིར་འགྱངས་དང་རང་འགན་གཞན་དཀྲི་བྱས་པའམ་ཡང་ན་བརྟག་དཔྱད་དང་། ཐག་གཅོད། ལན་སྤྲོད་བཅས་མི་བྱེད་པའི་རིགས།
(བཞི)ཁྲིམས་དང་འགལ་ནས་ཁེ་ལས་འབྲིང་ཆུང་ལ་ལྟ་སྐུལ་ཞིབ་བཤེར་བྱས་རིགས།
(ལྔ)ཁེ་ལས་འབྲིང་ཆུང་ལ་བཙན་ཤེད་དམ་ཡང་ན་རྣམ་བསྒྱུར་བཙན་ཤེད་ཀྱིས་དཔྱད་བསྡུར་དང་། ཚད་ལོན། གཟེངས་བསྟོད། སྦྱོང་བརྡར། དཔྱད་ཞིབ། དཔྱད་འདོམས་སོགས་ཀྱི་བྱེད་སྒོར་ཞུགས་སུ་བཅུག་པའི་རིགས།
(དྲུག)ཁེ་ལས་འབྲིང་ཆུང་ལ་བཙན་ཤེད་ཀྱིས་མཐུན་འགྱུར་ཞལ་འདེབས་རྒྱག་ཏུ་བཅུག་པ་དང་། ཚགས་པར་དུས་དེབ་དང་སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་མངག་ཉོ་བྱེད་དུ་བཅུག་པ། ཚོགས་པའི་ནང་ཞུགས་སུ་བཅུག་པ། དམིགས་འཛུགས་ཀྱི་ཐོན་རྫས་ཉོ་སྒྲུབ་བྱེད་དུ་བཅུག་པའམ་ཡང་ན་དམིགས་འཛུགས་ཀྱི་ཞབས་ཞུ་དང་ལེན་བྱེད་དུ་བཅུག་པ་བཅས་ཀྱི་རིགས།
(བདུན)ཁྲིམས་དང་འགལ་ནས་ཁེ་ལས་འབྲིང་ཆུང་གི་ས་ནས་གྲོན་དངུལ་བསྡུས་པ་དང་། དེར་དངུལ་ཆད་བཀལ་བ། རྒྱུ་ནོར་གྱི་འཁྲི་ཆ་བཀལ་བ་བཅས་ཀྱི་རིགས།
(བརྒྱད)ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་འཐེན་ཉར་དང་། འཐེན་སྤྱོད། གཞན་སྤྱོད། ཧམ་བཟུང་། ལྐོག་ཟ་བཅས་བྱས་རིགས།
(དགུ)ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་བཅས་ཡིན།
དོན་ཚན་ལྔ་བཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་རིགས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཆད་གཅོད་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 尼玛次仁
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣