ཚེས་24ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་ཚན་རྩལ་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱ་གཞིར་བཟུང་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་མཐའ་འཁྱོངས་ཀྱིས་ས་མཐོར་སྤྱོད་གོ་ཆོད་པའི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་བྱ་གཞག་ལ་བརྟེན་ནས་རྣམ་པ་གསར་པ་བཏོད་དེ་ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཞིག་རྩོམ་དགོས།
བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་ཡིས་ཚན་རྩལ་དར་ཚེ་ཤེས་དཔལ་དར་བ་དེ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན་པ་དང་། ཚན་རྩལ་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་ཞིང་། འདི་ནི་དུས་རབས་ཀྱི་བླང་བྱ་རེད།
བོད་ནི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁོངས་ཀྱི་གྲས་ཤིག་ཡིན་པ་དང་ཚན་ཞིབ་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན་ཡོད། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ཀྲུང་དབྱང་གི་རྒྱབ་སྐྱོར་དང་ཁ་གཏད་བོད་སྐྱོར་སོགས་ཀྱི་ཐབས་ལམ་གང་ལེགས་སྤྱོད་པ་དང་ས་མཐོའི་སྐྱེ་དངོས་དང་། ཁྱད་ལྡན་སོན་རྒྱུ། ཐོན་ཁུངས་རྩད་ཞིབ། ས་བབ་མཐོ་བའི་རྨང་གཞིའི་འཛུགས་སྐྲུན་སོགས་ཀྱི་ཐད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ཐོག ཚན་རྩལ་གྱི་གསོན་ཤུགས་འཕེལ་བ་དང་མི་མངོན་པའི་སྟོབས་ཤུགས་འདོན་མཁས་པོ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཡག་པོ་ཞུ་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཚན་རྩལ་གསར་གཏོད་འཕེལ་རྒྱས་ཐད་དམིགས་པ་དང་། ཤུགས་རྒྱག་པ། ཕན་འབྲས་གཅིག་སྡུད་བཅས་ཡོང་བར་བྱེད་དགོས་ཏེ། གཅིག་ནས་དམིགས་ཚད་ཐད་སྤྱི་ཚོགས་ལ་དགོས་མཁོ་ཆེ་བ་དང་། ཐོན་ལས་ཤིན་ཏུ་དཀོན་པ། མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ་བཅས་ལ་དམིགས་ཏེ་ཞིང་འབྲོག་གསོ་སྤེལ་དང་། ཤིང་འཛུགས་རྩྭ་འདེབས། ས་མཐོའི་ཡང་བའི་བཟོ་ལས། སྐྱེ་དངོས་འཕྲོད་སྦྱོར། བོད་ཀྱི་གསོ་བ་རིག་པ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཐོན་ཁུངས་གཅིག་སྡུད་དང་གཙོ་གནད་ཐད་ཤུགས་བརྒྱབ་ནས་ཁ་གྲམ་དྲགས་པ་དང་། “ཆ་སྙོམས་རིང་ལུགས”གཏན་ནས་བྱེད་མི་རུང་བ་དང་། རྣམ་གྲངས་བཀོད་སྒྲིག་དང་། སྲིད་ཇུས་ཀྱི་རོགས་སྐྱོར། རྗེས་འདེད་ཕན་འབྲས་འདྲི་རྩད་སོགས་ཀྱི་ལྷུ་ཚིགས་ནས་འགོ་བཙུགས་ཏེ“དུས་འཁོར་ཧྲིལ་པོའི”ཞབས་ཞུ་འགན་ལེན་གྱི་ལས་ཀའི་ལམ་སྲོལ་འཛུགས་དགོས་པ་དང་། གཉིས་ནས་འགག་སྒྲོལ་ཐད་སྟོབས་ཤུགས་གཅིག་སྡུད་བྱས་ནས“མིང་ཐོ་འདོན་པ་དང་གཙོ་བོར་འཛིན་པར”སྔར་བས་སྐུལ་འདེད་ཤུགས་ཆེན་བཏང་སྟེ“ཚན་ཞིབ་མི་སྣ་དང་། རོགས་སྐྱོར་མ་དངུལ། ཞིབ་ཕྲའི་རྣམ་གྲངས་བཅས་ཟུང་འབྲེལ”སོགས་གསར་གཏོད་ལམ་སྲོལ་བློ་ཁོག་ཆེན་པོས་ཚོད་ལྟའི་ལག་བསྟར་བྱས་ཏེ། ལོ་ཧྲིལ་པོའི་གཙོ་གནད་འགག་སྒྲོལ་གྱི“རིམ་སྤེལ་ཆེད་དམིགས་རྣམ་གྲངས”གང་མགྱོགས་བཟོས་ནས་ཐོན་ཁུངས་དེ་ཆེད་དོན་དུ་གཅིག་སྡུད་དང་། སྲིད་ཇུས་དེ་ཆེད་དོན་དུ་ཕྱོགས་པ། སྒྱུར་བཅོས་དེ་ཆེད་དོན་དུ་དམིགས་པ་བཅས་ལ་སྐུལ་འདེད་བཏང་སྟེ་གཏོང་ཆའི་ཕན་ནུས་ཆེ་རུ་གཏོང་བ་དང་གསར་གཏོད་ཀྱི་གཏིང་ཤུགས་འཕེལ་བ་བྱེད་དགོས་པ། གསུམ་ནི་གྲུབ་འབྲས་ཐད་ཕན་འབྲས་གཅིག་སྡུད་ཡོང་བར་བྱས་ཏེ“ཕན་འབྲས་དངོས་ལ་བརྟེན་ནས་ལེགས་ཉེས་གཏན་འཁེལ་དང་དཔའ་བོར་འཛིན་པའི”སྟོན་ཕྱོགས་མངོན་གསལ་དོད་པོ་བཙུགས་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་བརྩོན་ལེན་བྱེད་དགོས་པ་བཅས་རེད།