དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2023-03-22

    ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་འབྲེལ་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཀརྨ་ཚེ་བརྟན་དང་། མོང་ཞའོ་ལིན། རྡོ་རྗེ་ཚེ་སྒྲུབ། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་ཟླ་བ་ཟུར་ཞུགས་གནང་ཡོད་པ་རེད།

    ཀྲོང་ཡན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སླར་ཡང་འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ནི་ཏང་སེམས་ཕྱོགས་ས་དང་། དམངས་ཀྱི་རེ་འདུན། ཀུན་གྱིས་རེ་བ་བཅོལ་ས་བཅས་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་གི་སྲོག་ཤིང་དང་། མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ་ངོ་གནོང་མི་དགོས་པ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོའི་དེད་དཔོན་དང་ཕྱོགས་སྟོན་པ་ངོ་གནོང་མི་དགོས་པ་ཞིག་ཡིན་པ་སླར་ཡང་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་ནང་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་གཏོང་། འགན་འཁྲི་འཁུར་སེམས་མངོན་པ། མདུན་སྐྱོད་ཀྱི་ཁ་ཕྱོགས་ཁྲིད་སྟོན་བཅས་གནང་ཡོད་པས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་ལྕག་དེ་བས་ལེགས་པ་ཐེབས་ངེས་ཡིན་ལ། དུས་རབས་གསར་པའི་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་སྣོན་ངེས་ཡིན་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱས་ནས“གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་སྲིད་གྲོས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་མངོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་བཏོན་པའི“བླང་བྱ་ཁག་ལྔ”དོན་འཁྱོལ་ནུས་ལྡན། “མཐོར་གཏོང་གསར་པ་ལྔ”མངོན་འགྱུར་བཅས་བྱས་ནས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཟབ་སྦྱོང་མཐིལ་རྟོགས་ཐུབ་པར་འབད་བརྩོན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དེ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་ཚད་མཐོའི་རང་རྟོགས་ལ་འགྱུར་བར་བྱེད་དགོས། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་བརྒྱབ་སྟེ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཐད་རང་འགན་གཙང་སྒྲུབ་བྱས་ནས། ཏང་ཨུད་ཀྱི་འབོད་སྐུལ་ལ་སྲིད་གྲོས་ཀྱིས་དང་ལེན་ཞུ་བ་དང་། ཏང་ཨུད་ཀྱི་བཀོད་སྒྲིག་ལ་སྲིད་གྲོས་ཀྱིས་བྱ་སྤྱོད་མཐའ་གཅིག་ཏུ་སྤེལ་ཐུབ་པར་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་འབད་བརྩོན་བྱས་ཏེ་སྲིད་གྲོས་ཀྱི་སྒྲིག་ཡིག་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། དངོས་ཐོག་བདེན་འཚོལ་དང་། དངོས་འཛིན་དངོས་སྒྲུབ། དམ་པ་དོན་གཉེར་བཅས་བྱས་ནས་བྱ་ཐབས་དེ་བས་ཏན་ཏིག་དང་སྤྱོད་ཚུལ་དེ་བས་ལེགས་པར་བརྟེན་ནས་ལྗོངས་ཡོངས་ཀྱི་སྲིད་གྲོས་བྱ་གཞག་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།