དབུ་ཤོག>སྲིད་དོན།
  • ས་ཁུལ་དང་། གྲོང་ཁྱེར། སྡེ་ཚན་བཅས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-20

    ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། 2022ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ས་ཁུལ་དང་། གྲོང་ཁྱེར། སྡེ་ཚན་བཅས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་འཛིན་པ་དང་། ལས་དོན་ལམ་སྲོལ་ལེགས་སྒྱུར། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་སྐྱོན་བྲལ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལས་དོན་ནི་ལས་བྱེད་པའི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། དཔྱད་ཞིབ་ནི་བྱ་ཐབས་ཡིན་ཞིང་། དམིགས་ཡུལ་ནི་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ལས་ཀའི་ཆུ་ཚད་དང་ལས་ཀའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བར་ཐུག་ཡོད། ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ལས་དོན་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། དཔྱད་ཞིབ་ཀྱི་བཀོད་འདོམས་དབྱུག་པ་དང་རླུང་ཕྱོགས་སྟོན་རྟགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། དོ་ནན་དང་གཅེས་སྐྱོང་གཉིས་ཟུང་འབྲེལ་དང་བསྔགས་སྐུལ་དང་གཅུན་སྡོམ་གཉིས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། ལས་བྱེད་པའི་རྒྱུན་ལྡན་གྱི་དཔྱད་ཞིབ་དང་རིགས་དབྱེ་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་ཞིབ་ལམ་སྲོལ་སྟབས་བསྟུན་ལེགས་གཏོང་གི་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་འཇོན་ཐང་ཅན་བསྐོ་གཞག་བྱེད་པ་དང་། ཕུལ་བྱུང་བར་བྱ་དགའ་སྤྲོད་པ། ཐ་ཤལ་བ་མར་འབེབས་པ། ཞན་པ་འདོར་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། ལས་ཀ་བྱས་དང་མ་བྱས་གཅིག་པ་དང་། ལས་ཀ་བྱེད་མང་ཉུང་གཅིག་པར་འཛིན་པ། ལས་ཀ་བྱེད་ཡག་ཉེས་གཅིག་པར་འཛིན་པ་བཅས་ཀྱི་རིགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། དཔྱད་ཞིབ་ངོ་མ་དང་བསྐོ་སྤྱོད་ངོ་མ་བྱེད་པ་དང་། དཔྱད་སྤྱོད་ཟུང་འབྲེལ་བྱེད་པ། དཔྱད་ཞིབ་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བསྐོ་སྤྱོད་དང་གྲུབ་འབྲས་དངོས་ལ་གཞིགས་ནས་དཔའ་བོ་ངོས་འཛིན་པའི་སྟོན་ཕྱོགས་གསལ་པོ་བཟོ་བ་དང་། ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པ་ཕུལ་བྱུང་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་ལ་མཐོང་ཆེན་དང་། ལག་ལེན་ལ་མཐོང་ཆེན། དངོས་སྒྲུབ་ལ་མཐོང་ཆེན། གྲུབ་འབྲས་དངོས་ལ་མཐོང་ཆེན། འགན་འཁུར་ཕོད་པར་མཐོང་ཆེན་བཅས་བྱས་ཏེ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པར་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོ་འཛུགས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། དེང་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་ཀ་མང་ཙམ་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། རིམ་ཁག་ཏང་ཨུད་ཀྱིས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གྱིས་དཔེ་སྟོན་སྣེ་ཁྲིད་དང་གོང་གིས་འོག་ཁྲིད་པ་དང་། འགོ་ཁྲིད་ཚན་ཁག་གི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་འཕེལ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    ཝང་ཅུན་ཀྲེང་གིས། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཤིང་། དཔྱད་ཞིབ་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་དཔྱད་ཞིབ་ལ་བརྟེན་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག་ལེགས་སུ་གཏོང་བ་དང་ཡུལ་བབ་དང་ལས་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དོན་དངོས་ཀྱི་གནས་ཚུལ་ལྟར་དཔྱད་ཞིབ་ཀྱི་ནང་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔྱད་ཞིབ་ཀྱི་དམིགས་ཚད་དང་དཔྱད་ཞིབ་ཀྱི་རྣམ་པ་ལེགས་སུ་གཏོང་བ། གཙོ་གནད་ལས་འགན་དང་དཔྱད་ཞིབ་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ། ས་གནས་ཁག་དང་ཚན་པ་ཁག་གིས་གཙོ་གནད་ལ་དམིགས་ནས་དཀའ་གནད་སེལ་བ་དང་ཞན་ཆར་དམ་པོར་དམིགས་ནས་ཞན་ཆ་སེལ་བར་སྐུལ་འདེད་བཏང་ནས་དཔྱད་ཞིབ་ལས་དོན་གྱི་ཚན་རིག་རང་བཞིན་དང་། ཚད་ལྡན་རང་བཞིན། དངོས་ཕན་རང་བཞིན་བཅས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས། དཔྱད་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས་ཤིང་། “རྒྱུན་གཏན་གྱི་ལྟ་སྐུལ”དང་།“སྟབས་བསྟུན་གྱི་དཔྱད་ཞིབ”“ལོ་འཁོར་གྱི་དཔྱད་བསྡུར”བཅས་མཉམ་འགུལ་ནུས་ལྡན་ཡོང་བ་མཐའ་འཁྱོངས་བྱེད་དགོས་པ་སྟེ། དུས་རྒྱུན་ནས་འབད་འབུངས་བྱེད་དགོས་ལ་ཉེན་ཁ་ཆེ་བ་དང་། དཀའ་ངལ་ཆེ་བ། ལས་འགན་ལྕི་བ་བཅས་ཀྱི་ལས་གནས་དང་གལ་ཆེའི་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོར་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱ་རྒྱུར་སྣང་ཆེན་བྱེད་དགོས། ལོ་མཇུག་ཏུ་དབྱེ་བ་གང་ཡང་མི་འབྱེད་པ་དང་། གྲུབ་འབྲས་ཁོ་ནར་ལྟ་བ་ལས་བརྒྱུད་རིམ་ལ་མི་ལྟ་བ། བྱས་ཤུལ་འཇོག་པ་ཙམ་ལས་ཕན་འབྲས་དངོས་ལ་སྣང་ཆེན་མི་བྱེད་པ་སོགས་ཕྱི་ཚུལ་རིང་ལུགས་ཀྱི་བྱེད་སྤྱོད་གཏན་འགོག་བྱས་ནས་དཔྱད་ཞིབ་གནད་འཁེལ་དང་། དཔྱད་ཞིབ་ཏན་ཏིག ཕན་འབྲས་ཐོན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། མཇུག་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲང་ཕྱོགས་ནས་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། བཟང་བསྟོད་ངན་སྨད་བྱེད་པ། སྲོལ་བཟང་དར་སྤེལ་གཏོང་བ་བཅས་ཀྱི་ཐོག་ནས་བྱ་དགའ་དང་ཆད་པ་བཅད་ཚུལ་དངོས་འབྲེལ་གསལ་པོ་ཡོང་བར་བྱེད་དགོས། དཔྱད་ཞིབ་བྱས་འབྲས་དེ་འགོ་ཁྲིད་ཚན་པར་དཔྱད་ཞིབ་བྱེད་པ་དང་དེ་བཞིན་ལས་བྱེད་པར་དཔྱད་ཞིབ་བྱེད་པ་དང་། བྱ་དགའ་སྤྲོད་པ། བསྐོ་སྤྱོད་བྱེད་པ་སོགས་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། སྔོན་ཐོན་ལ་བསྔགས་སྐུལ་དང་རྗེས་ལུས་ལ་སྐུལ་ལྕག་བཏང་ནས“ཡག་པོ་བྱེད་མཁན”ལས་བྱེད་པར“དཔྱད་ཞིབ་ཡག་པོ”ཡོང་བར་བྱེད་དགོས་ལ“བསྐོ་སྤྱོད་ཡག་པོ”ཡོང་བའང་བྱེད་དགོས། ཕྱི་མཛེས་ནང་སྟོང་གི“གཟུགས་བརྙན་འདུ་འགོད”དང་། མགོ་བདེ་དྲན་འཕྲུལ་གྱི“ངོ་སོའི་འདུ་འགོད” མི་བདེན་རྫུན་སྒྲིག་གི“སྲིད་དོན་ལས་རྗེས་འདུ་འགོད”བཅས་ཀྱི་རིགས་གཉེར་མཁན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་ལ་རྩད་གཅོད་ནན་པོའང་བྱེད་དགོས། ལས་བྱེད་པར་འགན་འཁྲི་འཁུར་ཕོད་པ་དང་། བྱས་རྗེས་འཇོག་ཕོད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱེད་དགོས་པའི་སྐུལ་ལྕག་བཏང་ནས་འབད་འབུངས་ཡར་བརྩོན་དང་འབད་བརྩོན་ལྷོད་མེད་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།