དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-20

    ● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཚེས་17ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། ང་ཚོར་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། ཟབ་སྦྱོང་མཐིལ་རྟོགས་དང་དོན་དངོས་ལ་གོ་བ་གཏིང་ཟབ་ལེན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་གྲུབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ། འདི་ལོའི་ལས་དོན་ཡག་པོ་སྒྲུབ་པའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་ཡོང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ། དེ་བས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་སློབ་སྦྱོང་མཐར་ཕྱིན་ཐུབ་པ་དང་། ལག་ལེན་མཐར་ཕྱིན་བསྟར་ཐུབ་པ། དོན་འཁྱོལ་ཞིབ་ཚགས་ཐུབ་པ་བཅས་མཐའ་གཅིག་ཏུ་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་མཐའ་འཁྱོངས་བྱེད་པ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་ཟུང་འབྲེལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་། ཤེས་སྦྱོར་གཅིག་མཐུན་དང་དངོས་སྒྲུབ་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འགན་ལེན་བཞིའི”ཤུགས་རྒྱག་པའི་ཟུང་འབྲེལ་བྱ་ཡུལ་དང་གཞི་ཚུགས་ས་གནད་སྨིན་འཚོལ་ཞིབ་བྱེད་པ་དང་། ལག་བསྟར་དོན་འཁྱོལ་གྱི་ཇུས་གཞི་བཟོ་བ། ལས་འགན་ཁག་བགོས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་དང་བྱ་སྤྱོད་དངོས་ལ་ཏན་ཏིག་འགྱུར་བར་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྟག་ཏུ་སྒྲུབ་པ་དང་གཞི་རིམ་དུ་སྤེལ་བ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། གཞི་རིམ་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་གནས་བབ་གལ་ཆེན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་། “ངེས་པར་དུ་བཞི”མཐའ་འཁྱོངས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས། སྤུས་འབོར་གཉིས་ཀ་ལུགས་མཐུན་འཕར་བར་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་དང་། ནང་མཁོ་རྒྱ་ཆེར་གཏོང་བའི་ཐབས་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྣམ་གྲངས་གལ་ཆེན་གང་མགྱོགས་འཛུགས་སྐྲུན། ཡུལ་བབ་དང་བསྟུན་ནས་འཐབ་ཇུས་ཀྱི་གསར་དར་ཐོན་ལས་སྐྱེད་སྲིང་། དེང་རབས་ཀྱི་ཐོན་ལས་མ་ལག་གང་མགྱོགས་བསྐྲུན་པ། དམངས་འཚོ་རྒྱུན་མཐུད་འགན་ལེན་དང་ལེགས་སུ་གཏོང་བ། “ཞིང་གསུམ”ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བའི་གོམ་སྟབས་མགྱོགས་སུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚོ། རྩྭ་ཐང་། བྱེ་ཐང་། འཁྱགས་པ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས། ལྷོ་རི་བྱང་རིའི་སྔོ་སྒྱུར་ལས་གྲྭ་གཙོ་གནད་དུ་བཟུང་བའི་རྒྱལ་ཁབ་ས་ཆ་སྔོ་སྒྱུར་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་དགོས། མཐའ་དར་དམངས་ཕྱུག་མཐའ་འཁྱོངས་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་གཏིང་ཟབ་སྤེལ་བ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་ཆེད་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས། བརྟག་དཔྱད་དང་ཞིབ་འཇུག་གི་གོམས་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་གནས་ཚུལ་མཐིལ་རྟོགས་གསལ་པོ་དང་གནད་དོན་ཡང་དག་བཙལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་འགོག་ཟོན་དང་སེལ་བའི་འཇོན་ཐང་བཅས་ཏན་ཏིག་ཆེ་རུ་གཏོང་དགོས། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་དོན་བསྒྲུབ་རྒྱུ་གཙོ་བོར་བཟུང་བ་དང་ཏན་ཏིག་ཐ་སྐྱོང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དམ་འཛིན་མཐར་ཕྱིན་དང་ཕན་འབྲས་ཐོན་པར་བྱེད་དགོས། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོགས་བཅས་མཐའ་འཁྱོངས། ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།