དབུ་ཤོག>སྲིད་དོན།
  • “ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-10

    ཟླ་3ཚེས་9ཉིན་བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོཌ་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་ཀྱང་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲང་གོ་ཆིང་དང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་བློ་བཟང་རྒྱལ་མཚན་དང་ཡན་ཅིན་ཧའེ་བཅས་གྲོས་ཞིབ་ལ་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་གཏམ་བཤད་གནང་སྐབས། “ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད། “ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པ་དང་། གནད་དོན་ལ་དབྱེ་ཞིབ་བྱས་པ་གནད་སྨིན་གཏིང་ཟབ། ལས་དོན་གྱི་གྲོས་འགོའི་བསམ་ཕྱོགས་ཁ་གསལ་བཅས་ཡོད་པས། འདི་ནི་ཆབ་སྲིད་ཀྱི་མཐོ་ཚད་ལྡན་པ་དང་། ཁྲིམས་སྐྱོང་གི་ནུས་པ་ལྡན་པ། དམངས་འཚོའི་ནང་དོན་ཟབ་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་འཛིན་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་བོད་དུ་ཞིབ་ཕྲ་ཅན་དང་། གསོན་ཉམས་ཅན། ལག་ལེན་ཅན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཁྲིམས་འཛིན་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ། གཏིང་ཟབ་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཁྲིམས་འཛིན་ལས་དོན་གྱི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་གྱོད་དཔེ་སྤྱོད་པར་སྣང་ཆེན་བྱེད་པ། མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བ་དང་དང་ལེན་བྱེད་སླ་བའི་བྱེད་ཐབས་སྤྱད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བ། ཁྲིམས་སྐྱོང་གི་སྙིང་སྟོབས་སྐྱེད་སྲིང་བྱེད་པ། ཁྲིམས་སྐྱོང་གི་སྤྱི་ཚོགས་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་ཁྲིམས་སྒྱུར་ནན་པོ་དང་། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་གཏོང་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་ཁྲིམས་འཛིན་ལས་དོན་དེ་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་གཏོང་བ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། “དོན་ཆེན་བཞིར”ཞབས་འདེགས་ཞུ་བའི་ཁྲོད་ཁྲིམས་འཛིན་གྱི་འགན་འཁྲི་དང་ངེས་གནས་འཚོལ་མཁས་པོ་བྱེད་པ། ལས་ཕྱོད་ཆེ་བའི་ཁྲིམས་སྐྱོང་ལ་བརྟེན་ནས“འཛུགས་གཏོད་བཞི”འགན་ལེན་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་དགོས། དམངས་ཆེད་ཁྲིམས་འཛིན་གྱི་དམིགས་ཡུལ་ལག་ལེན་བསྟར་ནས། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་གྱི་རིན་ཐང་དོན་གཉེར་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། དམངས་ཆེད་ཁྲིམས་འཛིན་གྱི་བརྩེ་སེམས་ཟབ་ཏུ་བཏང་སྟེ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ་དང་། ཁྲིམས་འཛིན་དམངས་ཕན་གྱི་བྱེད་ཐབས་གསར་གཏོད་བྱེད་པ། ཁྲིམས་འཛིན་ཞབས་ཞུའི“མཐའ་མའི་འགག་གནད”སེལ་བ། མི་དམངས་མང་ཚོགས་དང་ལྷག་པར་དུ་ཉམས་ཞན་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ། ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་མི་དམངས་མང་ཚོགས་ཚོས་དྲང་གཞག་དྲང་བདེན་ཚོར་ཐུབ་པར་བྱེད་དགོས། ཁྲིམས་འཛིན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལེ་ལོ་ལྷོད་གཡེང་དང་དམག་འཁྲུག་ལ་སུན་སྣང་བྱེད་པའི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་པ་སྐྱོང་བའི་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཁྲིམས་འཛིན་ལས་བྱེད་ཉེན་རྟོག་པས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ལ་ལྕག་སྐུལ་བྱེད་པ། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ཏང་དང་མི་དམངས་བློས་འགེལ་ཆོག་པ་དང་བློ་བདེ་པོ་ཡོང་བའི་ཁྲིམས་འཛིན་གྱི་དམག་དཔུང་ཧྲག་པོ་ཞིག་ཧུར་ཐག་གཏོད་དགོས།

    འཐུས་མི་བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཝང་ཧུང་ཞང་། ཝང་ཝུའེ་ཏུང་། ཝང་ཆང་བཅས་དང་དེ་བཞིན་ཚེ་བརྟན་དང་ཤཱ་ཁེ་ཆིན་གྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།