ཟླ་3ཚེས་8ཉིན། བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སོགས་ལ་གྲོས་ཞིབ་གནང་བ་རེད།
བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས་ཚོགས་འདུར་ཞུགས་ཤིང་། “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ཉེའི་སྐབས་སུ་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་བུད་མེད་འཐུས་མི་དང་ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་བུད་མེད་སྤུན་ཟླར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་གྲུབ་འབྲས་ལ་ཕྱོགས་སྡོམ་གནང་བ་དོན་དངོས་དང་མཐུན་ཞིང་ཆ་ཚང་བ་དང་། གནད་དོན་ལ་དབྱེ་ཞིབ་གནང་བ་དངོས་ཐོག་བདེན་འཚོལ། ལས་དོན་གྱི་གྲོས་འགོ་ཚན་རིག་དང་མཐུན་ཞིང་དོན་དངོས་དང་མཐུན་པ་བཅས་ཡོད་པས། དེ་ནི་ལམ་ལུགས་ཀྱི་གདེང་ཚོད་བརྟན་པ་དང་། ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ། དམངས་ལ་བཅངས་པའི་བརྩེ་སེམས་མངོན་པའི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་ང་རང་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་སྤྱོད་ཚུལ་བཟང་པོ་དར་སྤེལ་དང་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཏང་གི་འགོ་ཁྲིད་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཏན་ཏིག་ཁྱབ་པ་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་འགལ་ཟླ་གཙོ་བོར་དམ་འཛིན་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པ། ཁྲིམས་འཛུགས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ནས་ཁྲིམས་འཛུགས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་དང་། ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཁྲིམས་འཛུགས་ཀྱི་ཁྲིད་སྟོན་དང་སྐུལ་འདེད་ནུས་པ་གང་ལེགས་འདོན་དགོས། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། མང་ཚོགས་ཀྱི་འབོད་སྒྲ་ཉན་པ། མང་ཚོགས་ཀྱི་བསམ་འཆར་འདོན་པ། མང་ཚོགས་ཀྱི་བདེ་སྡུག་ལ་ལན་འདེབས་པ་བཅས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་བྱེད་པའི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཁྲིམས་སྐྱོང་ལམ་བུར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུས་ད་དུང་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིར་གྲོས་ཞིབ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འདེམས་བསྐོ་དང་བསྐོ་གཞག་བྱེད་རྒྱུར་གཏན་འཁེལ་བའི་བྱ་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་མ་ཟད། འདེམས་ཤོག་ལྟ་སྐུལ་བ་བདམས་པ་རེད།