དབུ་ཤོག>སྲིད་དོན།
  • ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-08

    7561ee4b-da4d-40b9-bdbd-c01086d5c5ec.jpg.jpg

    ཟླ་3ཚེས་7ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ཟླ་3ཚེས་7ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་བ་རེད།

    བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། བློ་བཟང་རྒྱལ་མཚན་དང་ཡན་ཅིན་ཧའེ་གྲོས་ཞིབ་ལ་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས། ཁྲིམས་འཛུགས་བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལམ་ལུགས་དང་ཁྲིམས་འཛུགས་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཤིག་རེད། ལོ་8ཀྱི་རྗེས་སུ་སླར་ཡང་བཟོ་བཅོས་བརྒྱབ་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་ཏེ་གཏན་ལ་ཕབ་པའི་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དེ་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་དང་། ཆ་ལག་ཚང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་གྲུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པས།

    དུས་རབས་གསར་པའི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་རྩ་བའི་འགན་ལེན་ཐུབ་ངེས་ཡིན་པས་ང་རང་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་གི་ཡིན་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཁྲིམས་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྟེན་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་གཅིག་འདོམས་བྱེད་པ་དང་། ཁྲིམས་ལྟར་བོད་སྐྱོང་རྒྱ་སྐྱེད་གཏིང་ཟབ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། ལོ་མང་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་ལག་བསྟར་ནན་ཏན་བྱས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོག་མཆན་སྤྲད་པའི་ཁྲིམས་འཛུགས་འཆར་འགོད་དང་། བཀོད་སྒྲིག་བྱས་པའི་ཁྲིམས་འཛུགས་ཀྱི་ལས་འགན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ལ་འཚོལ་ཞིབ་ཧུར་ཐག་དང་རང་འགུལ་ངང་ལག་ལེན་བསྟར་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་དུས་ཐོག་ཏུ་བཅའ་ཁྲིམས་དང་གཏན་འབེབས་ལ་འགྱུར་བར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་སྔར་བས་གཏིང་ཟབ་བྱས་ཏེ་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སྤྱི་ཚོགས་ཡོངས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་ལྟ་བ་ཟབ་ཏུ་གཏོང་བ། རང་འགུལ་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཆགས་པར་བྱེད་པ། བཅའ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་དེ་བས་རྒྱ་ཁྱབ་ཀྱི་སྤྱི་ཚོགས་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།

    ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་དང་ས་གནས་ཀྱི་ཁྲིམས་འཛུགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ས་ཁོངས་རང་སྐྱོང་གི་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་གང་ལེགས་སྤྱད་དེ། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དུས་ཐོག་ཏུ་མངོན་སུམ་གྱི་ངོས་འཛིན་དེ་རྗེས་དཔག་གི་ངོས་འཛིན་དུ་འགྱུར་བ། སྤྱོད་གོ་ཆོད་ཅིང་ནུས་པ་ལྡན་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་སྲ་བརྟན་དུ་བཏང་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུ་འགྱུར་བ་བཅས་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་ཞིང་ཅུང་འཐུས་སྒོ་ཚང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་ཅིག་ཆགས་པར་བྱས་ནས། ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་དགོས་མཁོ་དང་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས། དུས་རབས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་པར་བྱས་ཏེ་རང་ལྗོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱེད་པ་དང་། འཛུགས་བཅོས་འདོར་འགྲེལ་སྒྲིག་བཅས་ལ་དུས་ཐོག་ཏུ་སྤྱི་འདོམས་སྐུལ་འདེད་བཏང་ནས་ས་གནས་ཀྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་དེ་བས་འཐུས་སྒོ་ཚང་པོ་ཡོང་བ་དང་དེ་བས་ཆ་ལག་ཚང་པོ་ཡོང་བར་བྱས་ཏེ་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པའི་འགན་ལེན་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་གཙོ་གནད་ལས་འགན་དང་འདུ་འགོད་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་སྲིད་འཛིན་གྱི་འདུ་ཤེས་བརྟན་པོ་འཛུགས་པ། ཁྲིམས་ལྟར་སྲིད་འཛིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་དགོས། ཁྲིམས་སྐྱོང་འཛུགས་སྐྱོང་བྱ་རྒྱུ་དེ་མི་དམངས་ལ་བརྟེན་དགོས་པ་དང་དེ་ལས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ། མང་ཚོགས་ཁྲིམས་འཛུགས་དང་ཁྲིམས་སྒྱུར་ལྟ་སྐུལ་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཕན་འབྲས་དེ་བས་མང་བ་དང་། དེ་བས་ཐད་ཀར། དེ་བས་དྲང་གཞག་བཅས་ཐོབ་པར་བྱེད་དགོས།

    འཐུས་མི་བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ལིན་རུའེ། ཝང་ཧུང་ཞང་། ཝང་ཝུའེ་ཏུང་། ལྷག་ཆུང་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།