དབུ་ཤོག>སྲིད་དོན།
  • ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ནང་དོན་ཁ་སྣོན་རྒྱག་དོན་གང་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-06

    ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ནང་དོན་ཁ་སྣོན་རྒྱག་དོན་གང་ཡིན་ནམ།

    ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་སྤྱིའི་རྩ་འཛིན་གྱི་དུམ་མཚམས་བཅུ་གཅིག་པའི་ནང་དོན“རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རྒྱུ་དེ་ངེས་པར་དུ་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་དགོས”ཞེས་པ་འདི། “རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རྒྱུ་དེ་ངེས་པར་དུ་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་བཟོ་བཅོས་བརྒྱབ་ཡོད། བཟོ་བཅོས་དེ་ལྟར་རྒྱག་དོན་ནི་གཙོ་བོ་གཤམ་གསལ་ལ་བསམ་གཞིགས་བྱས་པ་ཡིན།

    དང་པོ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཚུན་གྱི་ཕུགས་འདུན་ཆེས་རླབས་པོ་ཆེ་ཡིན། ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་ཐོག་གི་གནའ་བོའི་མི་རིགས་རླབས་པོ་ཆེ་ཞིག་ཡིན་ཞིང་། ལོ་ངོ་5000ལྷག་ཙམ་རིང་གི་འོད་སྟོང་འཕྲོ་བའི་ཤེས་དཔལ་གསར་གཏོད་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། 1840ལོའི་ཉལ་ཐའི་དམག་འཁྲུག་རྗེས་སུ། ནུབ་ཕྱོགས་ཀྱི་བཙན་དབང་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱས་པ་དང་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་རུལ་སུངས་སུ་གྱུར་པའི་རྐྱེན་གྱིས། ཀྲུང་གོ་རིམ་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར་ཅིང་། རྒྱལ་ཁབ་ཀྱིས་བརྙས་བཅོས་མྱོང་བ་དང་། མི་དམངས་དཀའ་སྡུག་ལ་གྱར་བ། ཤེས་དཔལ་དྲི་མས་སྦགས་པ་བཅས་བྱུང་བས། ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མྱོང་མེད་པའི་གོད་ཆག་ཕོག་པ་རེད། དུས་དེ་ནས་བཟུང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་རྒྱུ་དེ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་ཆེས་རླབས་པོ་ཆེར་གྱུར། མི་རིགས་འཇིག་ཉེན་ལས་སྐྱོབ་ཆེད། ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་དང་རྒྱལ་གཅེས་དཔྱོད་ལྡན་པ་ཚོས་གང་སར་སྐད་འབོད་བྱས་ནས་དགའ་སྐྱོ་གཉིས་ལྡན་གྱི་འཐབ་རྩོད་བྱས་ཏེ་ལས་འགུལ་སྣ་ཚོགས་མུ་འབྲེལ་ནས་སྤེལ་བ་དང་སྦྲགས། རྒྱལ་ཁབ་སྐྱོབ་པའི་ཇུས་གཞི་སྣ་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བཏོན་མོད། འོན་ཀྱང་ཚང་མ་ཕམ་ཁའི་ངང་མཇུག་འགྲིལ་བ་རེད། ལྕགས་ཕག་ལོའི་གསར་བརྗེས་ཀྲུང་གོར་ལོ་ངོ་སྟོང་ཕྲག་རིང་དབང་སྒྱུར་བྱས་པའི་གོང་མའི་སྲིད་དབང་སྒེར་གཅོད་ལམ་ལུགས་རྩ་སློག་ཏུ་བཏང་མོད། ཡིན་ནའང་ཀྲུང་གོའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ངོ་བོ་དང་ཀྲུང་གོའི་མི་དམངས་ཀྱི་ཡ་ང་བའི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་མེད། 1921ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ལས་ཉེ་རབས་ཚུན་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ། འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྣམ་པར་འགྱུར་ལྡོག་གཏིང་ཟབ་བཏང་བ་བཅས་བྱས་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དུས་དེ་ནས་བཟུང་ཡང་དག་པའི་ལམ་བུར་སྐྱོད་ཐུབ་ཡོད།

    གཉིས་པ། ཏང་དང་མི་དམངས་ཀྱིས་ལོ་ངོ་བརྒྱ་ལྷག་འབད་འཐབ་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད། ལོ་ངོ་100ལྷག་ཙམ་རིང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ་དང་རྒྱལ་ཁབ་འབྱོར་ཕྱུག མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཐོག་ཆེས་རྔམ་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲག་བཏོན་དམར་འཛིང་དང་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ་དང་། རང་སྟོབས་རང་སྤེལ་དང་འབད་འབུངས་སྟོབས་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ། བསམ་བློར་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ། རང་རྟོན་རང་སྟོབས་དང་གཞུང་འཁྱོངས་གསར་འབྱེད་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ་བཅས་རེད། ད་ཆ། ཀྲུང་ཧྭ་མི་རིགས་འཛམ་གླིང་ཐོག་ཡར་ངོའི་ཟླ་ལྟར་གྱི་ཉམས་བཟང་མངོན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་ནི་ལྡོག་མེད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད།

    གསུམ་པ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་གདམ་ག་ཞིག་ཏུ་གྱུར་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྗེས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བསྐྲུན་པའི་རྒྱལ་ཁབ་ཀྱི་རྒྱང་ལམ་གསར་པར་བསྐྱོད་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཁ་གསལ་བསྟན་དོན། “ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད” ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཡུན་རིང་འཚོལ་ཞིབ་དང་ལག་བསྟར་བྱས་པའི་རྨང་གཞིའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཚད་བརྒལ་གསར་པ་ལས། རང་རེའི་ཏང་གིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་རྒྱ་བསྐྱེད་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན་པས། རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ལྡན་ཡོད་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ལ་དེ་བས་གཞི་འཛིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་གྱི་དེང་རབས་ཅན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་མཐུན་དང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པའི་དེང་རབས་ཅན་བཅས་རེད། དེ་དང་དུས་མཚུངས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པར་གོམ་སྟབས་གཉིས་ལ་དབྱེ་བའི་སྤྱིའི་ཐབས་ཇུས་དང་བཀོད་སྒྲིག་བསྐྱར་བསྒྲགས་བྱས་པ་དང་། 2035ལོར་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་དང་འབྱུང་འགྱུར་ལོ་ལྔའི་དམིགས་ཚད་ལས་འགན་གཙོ་བོ་བཏོན་པ། མདུན་སྐྱོད་ཀྱི་ལམ་བུར་རྩ་དོན་གལ་ཆེན་ལྔ་ངེས་པར་དུ་ཁོང་དུ་ཆུད་པ་བྱེད་དགོས་པ་གསལ་པོ་བཏོན་པ། སླད་ཕྱིན་དུས་སྐབས་ཤིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་བཅས་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་བཟོ་བཅོས་འདི་བརྒྱབ་པ་ལས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གང་ལེགས་མཚོན་ཡོད་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འོས་འགན་དང་ལས་འགན་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གི་འཐབ་ཇུས་ཇུས་འགོད་དང་བཀོད་སྒྲིག་གང་ལེགས་མཚོན་ཡོད་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། སྟོང་གཏམ་གྱིས་རྒྱལ་དོན་འཕྱུག་པ་དང་། དོན་དམ་གྱིས་རྒྱལ་ཁབ་དར་བས། དེས་ན་ཡིད་ཆེས་བརྟན་པོ་དང་། བློ་སེམས་གཅིག་མཐུན། དཀའ་སྤྱད་སྙིང་རུས། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།


    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།