སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ལ་བཏང་བའི་གྲོས་འདོན་ཡི་གེ
ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ལ།
ཏང་གི་ཚོགས་ཆེན་ཉི་ཤུ་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པ་བཏོད་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་རེད་ལ། རིམ་ཁག་སྲིད་གྲོས་ཨུ་ཡོན་ཚོས་སྦྱོང་དགོས་པའི“གྲོས་གཞི་ཨང་དང་པོ”དང་ངེས་སྦྱོང་སློབ་ཚན་ཞིག་ཀྱང་རེད། རྒྱ་ཆེའི་སྲིད་གྲོས་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱད་དེ་བསམ་བློ་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྒྲིལ། འཐབ་སེམས་སྐུལ་སློང་བཅས་བྱས་ནས་རང་འཁྲིའི་ལས་དོན་ཁྲོད་ཀྱི་ཆོས་ལུགས་ལས་རིགས་ཨུ་ཡོན་གྱི་སྣེ་ཁྲིད་ནུས་པ་དང་། སྲིད་གྲོས་ལས་དོན་ཁྲོད་ཀྱི་བྱེད་པོའི་ནུས་པ། རིགས་ཁོངས་མང་ཚོགས་ཁྲོད་ཀྱི་འཐུས་མིའི་ནུས་པ་བཅས་མངོན་པར་བྱེད་དགོས། དེར་བརྟེན། ང་ཚོས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ལ་གཤམ་གསལ་གྱི་གྲོས་འགོ་འདོན་རྒྱུ་ཡིན།
གཅིག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་དང་གནད་སྨིན་ངང་སློབ་སྦྱོང་ལག་བསྟར་བྱེད་དགོས། “ཁོང་དུ་བརྟན་པོར་ཆུད་པ་ལྔ”དང“ཕྱོགས་ཡོངས་གསུམ”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དགོངས་དོན་གྱི་ངོ་བོ་དང་ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། ཏང་གི་མི་རིགས་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་བཅས་དང་ཟུང་འབྲེལ་དམ་ཟབ་དང་། ཕན་ཚུན་འབྲེལ་མཐུད། མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སློབ་སྦྱོང་བྱེད་པ་བརྒྱུད“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། “འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་ནུས་པ་བཏོན་ཏེ་སྣེ་ཁྲིད་དེ་ཆོས་བཤད་འཆད་འགྲེལ་དང་སྒྲོག་འགྲེལ་བྱེད་སྒོའི་ཁྲོད་དྲང་ནུས་བརྒྱུད་སྤེལ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དགོན་སྡེར་དྲིལ་བསྒྲགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་སེམས་ལ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས།
གཉིས། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས“འདུ་ཤེས་གསུམ”གྱི་སློབ་གསོར་སྤྱི་འདོམས་བྱས་ཏེ། རང་རྟོགས་ངང་སློབ་སྦྱོང་དང་། རང་འགུལ་ངང་སྒྲོག་འགྲེལ། ཆ་ཚང་བའི་སྒོ་ནས་ཚད་གཞི་དང་ཡང་ཡང་བསྡུར་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཆོས་ལུགས་ལས་རྒྱལ་ཁབ་གཙོ་བའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་མཁན་གྱི་དཔེ་བཟང་བ་ཞིག་བྱེད་དགོས། སྤྱི་དམངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཆོས་འབངས་ནི་དང་ཐོག་སྤྱི་དམངས་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་མཁན་གྱི་དཔེ་བཟང་བ་ཞིག་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ་བའི་འདུ་ཤེས་བརྟན་པོར་བཙུགས་ཏེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་མཁན་གྱི་དཔེ་བཟང་བ་ཞིག་བྱེད་དགོས། དད་ལྡན་མང་ཚོགས་ལ་ཕྱོགས་ཏེ་སྒྲོག་འགྲེལ་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསྟུན་པ་དང་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱེད་པ་དང་། འཁུར་འོས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཆོས་ལུགས་ལས་རིགས་ཨུ་ཡོན་གྱི་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས།
གསུམ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་པོའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བརྟན་པོར་བཙུགས་ནས“ཕན་འདོགས་པ་ལྔའི”ཚད་གཞི་དང་ཡང་ཡང་བསྡུར་བ་དང་། རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་སྲུང་སྡོམ་སྲུང་། སྒོམ་སྒྲུབ་ཉམས་ལེན། འགྲོ་དྲུག་ལ་ཕན་འདོགས་པ་བཅས་བྱེད་པ། འདུལ་ཁྲིམས་བསྟན་དོན་དང་། བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ལེགས་འདེམས། སྙིགས་དོར་བཅུད་ལེན། རྙིང་འབུད་གསར་འདོན་བཅས་བྱས་ནས་དེང་སྐབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་མཐུན་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་སྒོ་ནས་གསལ་འགྲེལ་བྱེད་དགོས། “ཆོས་སྒོར་ཞུགས་ཀྱང་རྒྱལ་གཅེས་མི་བརྗེད་པ་དང་སྒོམ་ལ་ཞུགས་ཀྱང་འགྲོ་ཕན་མི་བརྗེད་པའི”ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས་འགྲོ་དྲུག་བདེ་ལ་འགོད་པ་དང་སྒེར་སེམས་མེད་པར་མེས་རྒྱལ་ལ་ལེགས་སྐྱེས་འབུལ་དགོས། “བཀའ་དྲིན་ཤེས་པ་དང་། བཀའ་དྲིན་ཚོར་བ། བཀའ་དྲིན་འཇལ་བ། བཀའ་དྲིན་ངེས་པ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སེམས་གཏིང་ནས་གུས་བཀུར་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུ་དགོས། “ཐོས་པ་སློབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན”གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་གོ་དོན་མཐིལ་རྟོགས་ཁྲོད་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་དགོས། “རྒྱལ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་འདུལ་ཁྲིམས་ལས་མི་འགལ་བའི”སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བའི་ཁྲོད“མོས་སེམས་ལྔ”ཟབ་ཏུ་གཏོང་དགོས། “དམངས་ལ་གསོལ་བ་སྨོན་ལམ་འདེབས་པ་དང་འཆམ་མཐུན་རྩ་བར་འཛིན་པ། དྲག་ཤུགས་ལ་ངོ་རྒོལ་དང་ཞི་བདེར་བསྔགས་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ཁྲོད་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
བཞི། “འཛུགས་གཏོད་བཞིར”རམ་འདེགས་ཧུར་ཐག་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་དང་། ལྟེ་བར་དམིགས་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་བྱས་ནས“འཛུགས་གཏོད་བཞིའི”ལག་ལེན་ལ་ཧུར་ཐག་ཞུགས་དགོས། རང་འཁྲིའི་ལས་གནས་སུ་གཞི་ཚུགས་པ་དང་འགན་སྒྲུབ་ཇུས་འདོན་ནན་ཏན་བྱས་ནས་བརྟག་ཞིབ་གཟིགས་ཞིབ་དང་། ཚོགས་འདུའི་གཏམ་བཤད། གྲོས་གཞི་འདོན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཞུ་བ་སོགས་ཀྱི་ཐད་འགན་ནན་ཏན་ཁུར་ནས་བསམ་འཆར་ཤོད་པ་དང་གྲོས་འགོ་འདོན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་ཆོས་ལུགས་བྱེད་སྒོ་སྤེལ་སར་ཁྱབ་པར་མུ་མཐུད་སྐུལ་འདེད་གཏོང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ་དད་ལྡན་མང་ཚོགས་ཀྱིས་ཚན་རིག་ཤེས་དཔལ་གོང་དུ་བཀུར་བ་དང་ལུགས་རྙིང་སྲོལ་ངན་མེད་པར་བཟོ་བར་ཁྲིད་སྟོན་བྱས་ནས་དུས་ཚོད་དང་། སེམས་ཤུགས། ནོར་དོན་བཅས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བ་ལེགས་གཏོང་བཅས་ལ་སྤྱོད་དགོས། “རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་འབྱུང་འཕྲོད་སྐྱེ་ཁམས་ཀྱི་དགོན་སྡེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་དགོས། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་པའི་འཐབ་ཇུས་དགོངས་པ་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པར་ཁྲིད་སྟོན་བྱེད་དགོས།
ལྔ། རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། ཏང་གི་རང་ངོས་གསར་བརྗེའི་སྙིང་སྟོབས་རླབས་པོ་ཆེ་དང་རྩ་ཆེའི་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་དཔྱད་གཞིར་བཟུང་སྟེ། ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བ་དང་འདུལ་ཁྲིམས་ཀྱི་བླང་བྱ་ནན་དུ་བཏང་སྟེ་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱི་རང་ངོས་སློབ་གསོ་དང་། རང་ངོས་གཅུན་སྡོམ། རང་ངོས་དོ་དམ་བཅས་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས། “སྲིད་གྲོས་ལས་དོན་ལ་རྒྱུས་མངའ་ལོན་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་དོན་བགྲོ་གླེང་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན། སྤྱོད་ལམ་ལ་མཐོང་ཆེན”བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་དང《སྲིད་གྲོས་ཀྱི་སྒྲིག་ཡིག》ལ་རང་རྟོགས་ངང་བརྩི་སྲུང་ཞུས་ནས་རང་ངོས་ཀྱི་ཆབ་སྲིད་བྱང་ཚད་དང་། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད། ཀུན་སྤྱོད་བློ་སྦྱོང་། ཆོས་ལུགས་ཀྱི་ཐོས་བསམ། རང་འགན་གཙང་སྒྲུབ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། ཆབ་སྲིད་ཐད་བློས་འཁེལ་བར་བྱས་ནས་རྒྱལ་གཅེས་ཡར་ཐོན་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གྲྭ་བཙུན་ཡག་པོ་ཞིག་བྱེད་དགོས། ཆོས་ལུགས་ཐད་ཐོས་བསམ་ཟབ་པོ་བྱས་ནས་སྒོམ་སྒྲུབ་སློབ་གཉེར་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པར་སྐུལ་འདེད་གཏོང་མཁན་གྱི་གྲྭ་བཙུན་ཡག་པོ་ཞིག་བྱེད་དགོས། སྤྱོད་ལམ་ཐད་དམངས་མགུ་བ་ཞིག་བྱས་ནས་ཁྲིམས་སྲུང་སྒྲིག་བཀུར་དང་འགྲོ་དྲུག་བདེ་འཁོད་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་མཁན་གྱི་གྲྭ་བཙུན་ཡག་པོ་ཞིག་བྱེད་དགོས། འགག་རྩའི་དུས་སུ་ནུས་པ་འདོན་སྤེལ་བྱས་ཏེ་ལངས་ཕྱོགས་བརྟན་པོ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་མཁན་གྱི་གྲྭ་བཙུན་ཡག་པོ་ཞིག་བྱས་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་གཟུགས་བརྙན་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས།
རྒྱང་ལམ་གསར་པར་འབད་བརྩོན་གྱིས། དུས་རབས་གསར་པར་བྱས་རྗེས་འཇོག ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་ཡར་རྒྱས་གསར་པ་ཡོང་བ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བའི་ཐད་ཡར་རྒྱས་གསར་པ་ཡོང་བ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ནན་ཏན་ངང་ཞབས་འདེགས་ཞུ་བའི་ཐད་ཡར་རྒྱས་གསར་པ་ཡོང་བ། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་ཡར་རྒྱས་གསར་པ་ཡོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་ཡར་རྒྱས་གསར་པ་ཡོང་བ་བཅས་བྱས་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣