དབུ་ཤོག>སྲིད་དོན།
  • རེན་ཝུའེ་ཡིས་ལྷོ་ཁ་གྲོང་ཁྱེར་དུ་གཏེར་རིའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཞིབ་བཤེར་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-28

     ཟླ་2ཚེས་25ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝུའེ་ཡིས་རུ་སྣེ་ཁྲིད་དེ། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཧྭ་ཡུས་གཏེར་ལས་བཀྲ་ཤིས་ཁམས་གཏེར་རི་དང་ཆུ་གསུམ་རྫོང་ཅང་ནན་གཏེར་ལས་ཤང་ཁ་རིའི་གཏེར་རིར་ཕེབས་ནས་གཏེར་རིའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཞིབ་བཤེར་དང་བརྟག་ཞིབ་གནང་བ་རེད།

    རེན་ཝུའེ་ཡིས་རིམ་པ་ཁག་དང་། སྡེ་ཚན་ཁག ཁེ་ལས་ཁག་བཅས་ལ་ནང་སོག་ཨ་ལ་རི་བོའི་བླ་གབ་མེད་པའི་རྡོ་སོལ་གཏེར་ཁ་བསྔོག་ཡུལ་བརྡིབས་པ་སོགས་ཀྱི་བསླབ་བྱ་དང་ལེན་བྱས་ཏེ། ཟུར་བལྟས་ལེབ་མཐོང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་དང་དག་ཐེར་ཆེན་པོར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཕྱོགས་ཁག་གི་བདེ་འཇགས་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ། བདེ་འཇགས་འགོག་ཟོན་གྱི་བྱེད་ཐབས་ཤུགས་ཆེར་གཏོང་བ། ལས་འཛོལ་ཆེན་པོ་དང་ཚབས་ཆེན་མཐའ་གཅིག་ཏུ་མ་ཐོན་སྔོན་འགོག མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་བདེ་བླག་ངང་འཚོག་པར་བདེ་འཇགས་བརྟན་ལྷིང་གི་ཁོར་ཡུག་ཅིག་གཏོད་དགོས་ཞེས་བསྟན་གནང་བ་རེད།

    རེན་ཝུའེ་ཡིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་བརྟན་པོར་འཛུགས་པ། མངོན་མེད་རྐྱེན་ངན་ནི་ལས་འཛོལ་ཡིན་པ་བློ་ལ་བརྟན་པོར་ངེས་པ། “ཞིབ་བཤེར་བརྒྱད་དང་དོན་ཐོག་ཏུ་འཁྱོལ་བ་བརྒྱད”ཀྱི་བླང་བྱ་གཞིར་བཟུང་བ། “ཉེན་ཁ་ཆེ་རིགས་ཞིབ་བཤེར་དང་། མངོན་མེད་རྐྱེན་ངན་ཆེ་རིགས་མྱུར་སེལ། ལས་འཛོལ་ཆེ་རིགས་སྔོན་འགོག”བཅས་བྱེད་པར་གཞིས་འཛུགས་པ། གཏེར་རིའི་དོན་དངོས་དང་ཟུང་འབྲེལ། རང་འགུལ་ངང་ཉེན་ཁ་སྣ་ཚོགས་ཞིབ་འཇུག་བརྡར་གཅོད་དང་གནད་སྨིན་དབྱེ་འབྱེད། བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ཏེ་འབྱུང་རྩ་ནས་འགོག་ཟོན་ཡག་པོ་བྱེད་དགོས། གཏེར་རི་གཙོ་བོར་བྱས་པའི་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་སོལ་གཏེར་མིན་པ་དང་གཏེར་སྙིགས་འཇོག་སར་ལེབ་བཤེར་རྣམ་པ་དང་ཕྱོགས་ཡོངས་ལ་ཁྱབ་པའི་ཞིབ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་གནོད་འཚེ་མ་ཐོན་གོང་ནས་ཏན་ཏིག་སེལ་ཐུབ་པར་བྱེད་དགོས། ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་རྩིས་ཁྲ་བཟོ་བ། མངོན་མེད་རྐྱེན་ངན་གྱི་གནད་དོན་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ནས། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་མུ་མཐུད་བརྟན་ལྷིང་དང་ལེགས་སུ་འགྲོ་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།