དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་བོད་ཀྱི་ལོ་གསར་རིང་འབྲེལ་གཏུག་ས་ཚིགས་སུ་ཕེབས་ཏེ་གཞི་རིམ་མང་ཚོགས་དང་ཏང་ཡོན་ལས་བྱེད་པར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-25

    4398826_huangzy_1677254400000_s.jpg

    ཟླ་2ཚེས་22ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་གི་གཞི་རིམ་གྲོང་ཚོ་དང་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་མང་ཚོགས་དང་ཏང་ཡོན་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་སྟེ། མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་བོད་ཀྱི་ལོ་གསར་དགའ་གཏོང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཚལ་མི་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་མིག་དམར་གྱི་ཁྱིམ་དུ་ཕེབས་ནས་མིག་དམར(གཡས་ཀྱི་གཉིས་པ)དང་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

    4398824_huangzy_1677254400000_s.jpg

    ཟླ་2ཚེས་22ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་གི་གཞི་རིམ་གྲོང་ཚོ་དང་སྡེ་ཁུལ་དུ་ཕེབས་ནས། གཞི་རིམ་མང་ཚོགས་དང་ཏང་ཡོན་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་སྟེ། མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་བོད་ཀྱི་ལོ་གསར་དགའ་གཏོང་གནང་ཞིང་། འདི་ནི་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གི་གཉིས་བཀུར་ལམ་སྡེ་ཁུལ་དུ་ཝང་ཅུན་ཀྲེང་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་། བདེ་ཐང་ཞབས་ཞུའི་ལྟེ་གནས། རྒན་རྒོན་གྱི་བྱེད་སྒོའི་ལྟེ་གནས་བཅས་སུ་ཕེབས་ནས་ལས་གནས་བརྟན་སྲུང་བྱེད་མཁན་གཞི་རིམ་གྱི་ལས་བྱེད་པ་དང་བོད་ཀྱི་ལོ་གསར་གཏོང་བཞིན་པའི་གྲོང་མིར་གཟིགས་པ་དང་འཚམས་འདྲི་གནང་བཞིན་པ།

    ● གཞི་རིམ་གྱི་ཏང་རྩ་འཛུགས་དེ་ཉིད་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་བསྐྲུན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

     ཟླ་2ཚེས་22ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་གི་གཞི་རིམ་གྲོང་ཚོ་དང་སྡེ་ཁུལ་དུ་ཕེབས་ནས། གཞི་རིམ་གྱི་མང་ཚོགས་དང་ཏང་ཡོན་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་སྟེ་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་བོད་ཀྱི་ལོ་གསར་དགའ་གཏོང་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

    སྨན་གླིང་རྫོང་ནི་ཝང་ཅུན་ཀྲེང་གི་འབྲེལ་གཏུག་གནང་ཡུལ་ཡིན་ཞིང་། འདི་གའི་མང་ཚོགས་ཀྱི་འཚོ་བ་ཡག་པོ་ཡོད་མེད་དང་འཚོ་བར་འགྱུར་ལྡོག་ཅི་འདྲ་བྱུང་ཡོད་མེད་ནི་ཝང་ཅུན་ཀྲེང་གིས་རྒྱུན་དུ་ཐུགས་ཁུར་གནང་བའི་གནད་དོན་ཞིག་རེད། ཚེས་22ཉིན་གྱི་སྔ་དྲོ་ཝང་ཅུན་ཀྲེང་རླངས་འཁོར་དུ་བཞུགས་ཏེ་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཚལ་མི་གྲོང་ཚོར་ཕེབས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ལ་བརྟག་ཞིབ་གནང་བ་རེད། ཚལ་མི་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་མིག་དམར་གྱི་ནང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་བཀྲ་ཤིས་ཕྱེ་མར་དང་བྲོ་ཞིམ་ཆང་བཀྱག་སྟེ་དཀར་གཙང་མཇལ་དར་བསྒྲོན་ནས་ཝང་ཅུན་ཀྲེང་ལ་བོད་ཀྱི་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད། མིག་དམར་ཁྱིམ་གྱི་ཚོམས་ཆེན་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་། སྒྲོག་ཙེའི་སྟེང་དུ་ཁ་ཟས་དང་། མར། ཤ་སྐམ་པོ། ཤིང་འབྲས་སོགས་བསྒྲིགས་ཡོད། ཝང་ཅུན་ཀྲེང་གིས་འདི་ལོ་ལོ་8ལ་སླེབས་པའི་མིག་དམར་གྱི་བུ་རྟ་མགྲིན་ཚེ་དབང་གི་ལག་ནས་བཟུང་སྟེ་མིག་དམར་དང་གྲོང་ཚོའི་ལས་བྱེད་པ་དང་ལྷན་དུ་བྱམས་བརྩེའི་གླེང་མོལ་གནང་བ་རེད། 2022ལོར་ཚལ་མི་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.05ཟིན་ནས་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་མཁྱེན་སྐབས་ཝང་ཅུན་ཀྲེང་ཐུགས་མཉེས་པོ་བྱུང་ཞིང་། ཁོང་གིས་ན་ནིང་ཟླ་བདུན་པར་རང་ཉིད་ཚལ་མི་གྲོང་ཚོར་ཡོང་བ་ཡིན། འདི་ལོ་སླར་ཡང་འདིར་ཡོང་ནས་ཁྱེད་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་དང་འཕེལ་རྒྱས་ཡག་པོ་འདི་འདྲ་ཕྱིན་པ་མཐོང་སྐབས་སེམས་གཏིང་ནས་དགའ་པོ་བྱུང་ལ། ཁྱེད་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་རྒྱུའི་སྨོན་འདུན་ཡང་ཞུ་གི་ཡིན་ཞེས་གསུངས། དེ་རྗེས་ཝང་ཅུན་ཀྲེང་གིས་མིག་དམར་གྱི་ནང་མི་དང་ཅི་འཕྲོས་མོལ་འཕྲོས་གནང་བཞིན་ཚལ་མི་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་དང་ལས་བྱེད་པའི་བྱེད་སྒོའི་ཐང་ཆེན་དུ་ཕེབས། དེ་གར་བོད་ཀྱི་ལོ་གསར་གཏོང་བཞིན་པའི་གྲོང་མི་ཚོས་ཁོང་གི་མཐའ་བསྐོར་ཏེ“ཧྲུའུ་ཅི་ལགས། ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་ཞུས། ཁོང་གིས“བཀྲ་ཤིས་བདེ་ལེགས། རང་གི་མིང་ལ་གང་ཟེར་རམ། ནང་མི་ག་ཚོད་ཡོད་དམ། ན་ནིང་ཡོང་འབབ་གང་འདྲ་བྱུང་ངམ”ཞེས་གསུངས་བཞིན་གྲོང་མི་ཚོར་ཕྱག་བཏང་གནང་བ་དང་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད། ལོ་གསར་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད།

    སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་བཀོད་སྒྲིག་ས་ཚིགས་སུ་ཕེབས་ནས་ཝང་ཅུན་ཀྲེང་གིས་བཀོད་སྒྲིག་ལས་གྲྭའི་འཕེལ་རིམ་དང་གྲོང་ཚོའི་རྣམ་པར་གཟིགས་པ་རེད། ཁོང་གིས་གནས་སྤོས་ཡུལ་མིའི་གནས་སྤོས་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། གནས་སྤོས་ཐོན་ལས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཆུ་གློག་ལམ་བཅས་དང་དྲ་བ་དང་འཕྲིན་གཏོང་སོགས་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་། ལས་ཀ་ཡོད་པ། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དྲིལ་བསྒྲགས་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞིག་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གི་གཉིས་བཀུར་ལམ་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ། ཉིང་ཁྲིར་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་གཏོད་སྔོན་ལ་ལག་བསྟར་བྱས་ཡོད། ཝང་ཅུན་ཀྲེང་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་། བདེ་ཐང་ཞབས་ཞུའི་ས་ཚིགས། རྒན་རྒོན་བྱེད་སྒོའི་ལྟེ་གནས་བཅས་སུ་ཕེབས་ནས། ལས་གནས་བརྟན་སྲུང་བྱེད་མཁན་གཞི་རིམ་གྱི་ལས་བྱེད་པ་དང་བོད་ཀྱི་ལོ་གསར་གཏོང་བཞིན་པའི་གྲོང་མིར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འདི་ཉིད་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་ནས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ནས་དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་གཏིང་ཟབ་བསྟར་ནས། དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་ལ་དྲོ་སྐྱིད་སྟེར་བའི་བྱ་ཐབས་སྔར་བས་མང་བ་སྤྱད་དེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཁག་གཅིག་སྐྱེད་སྲིང་དང་། མི་རིགས་མཐུན་སྒྲིལ་གཉིས་གཏོད་ཀྱི་ཁེ་ལས་ཁྱུ་ཚོགས་ཁག་གཅིག་བསྐྲུན་པ། མི་རིགས་མཐུན་སྒྲིལ་གྱི་ཁྱད་ལྡན་རིག་གནས་ཐོན་ལས་ཁག་གཅིག་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཁག་གི་མི་དམངས་ལ་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་པ། མི་རིགས་མཐུན་སྒྲིལ་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོ་བཙུགས་ནས། གཞི་རིམ་གྱི“ཨུ་ལྷན་གཉིས”ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲུག་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་ཆ་ཚང་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ལ་བསྐྲུན་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། བཀོལ་སྤྱོད་བཅས་མཁས་པོ་བྱེད་པ་དང་ཤེས་ལྡན་པ་ཕུལ་བྱུང་གི་གཟེངས་སུ་ཐོན་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དངོས་གཉེར་གོང་དུ་བཀུར་བ་དང་འགན་འཁྲི་འཁུར་བར་སྐུལ་མ་གཏོང་བའི་རྣམ་པ་ཧུར་ཐག་བཏོད་ནས། སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་བྱ་ཆེད་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། གནད་དོན་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་དང་། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ལས་ཀའི་ཞན་ཆ་སེལ་བ་བཅས་མཐའ་འཁྱོངས་བྱས་ཏེ་སྡེ་ཁུལ་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དྲ་མིག་ཅན་གྱི་དོ་དམ་ཞབས་ཞུ་ལེགས་སུ་གཏོང་བ།“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་དོན་འཁྱོལ་ཞིབ་ཕྲ་བྱེད་པ། གནད་དོན་མཉམ་བཅོས་དང་། ལས་དོན་མཉམ་འགུལ། དུས་བདེ་མཉམ་གཏོད་བཅས་ཀྱི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ་བྱེད་དགོས། ཕྱུག་འགྱུར་གྱི་ཐབས་ལམ་ཡོད་པ་དང་། མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་བཏོད་དེ། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་ཆུ་ཚད་བཅས་མཐོ་རུ་ཤུགས་ཆེན་བཏང་ནས། མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།