དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2023-02-23

    ཚེས་19ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། དུས་རབས་གསར་པའི་སྔོན་གཤེགས་དཔའ་བོར་བསྔགས་བརྗོད་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་སྐབས་དང་པོ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་། འཐབ་ཇུས་དང་འཕྲལ་སྡོམ་གྱི་དངོས་ཟོག་གྲབས་གསོག་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུར་སྔོན་གཤེགས་དཔའ་བོར་བསྔགས་བརྗོད་བྱེད་པའི་ལས་དོན་ནི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་སྲུང་དམག་དཔུང་འཛུགས་སྐྱོང་དང་འབྲེལ་བ་ཡོད་ལ། ཏང་སེམས་དང་། དམངས་སེམས། དམག་སེམས་བཅས་དང་ཡང་འབྲེལ་བ་ཡོད། དོ་དམ་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ཁ་གསལ་ཅན་དང་། དོ་དམ་སྲུང་སྐྱོང་གི་ལས་དོན་རྒྱུན་རྣམ་ཅན། ཉམས་གསོའི་གཏོང་ཆ་ཡུན་རིང་ཅན་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཞབས་འདེགས་འགན་ལེན་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱུན་གཏན་ཅན་གྱི་འབྲེལ་གཏུག་ཞབས་ཞུའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྔོན་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་བ་དང་སྔོན་གཤེགས་དཔའ་བོའི་ནང་མིར་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་རྒྱུན་མཐུད་སྤེལ་དགོས་པ། སྙིང་སྟོབས་དར་སྤེལ་གཏོང་བར་དམ་འཛིན་ཡག་པོ་བྱས་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་བཀོད་ཀྱི་གསར་བརྗེའི་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་གང་ལེགས་བཏོན་ཏེ་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་མཐུད་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས་པ་བཅས་བཏོན་ཡོད།

    ཚོགས་འདུའི་ཐོག་སྐབས་དང་པོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་ནི་སྲིད་གཞུང་གིས་བཙུགས་པའི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཚད་གཞི་མཐོ་ཤོས་ཀྱི་བྱ་དགའ་ཞིག་དང་། རང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་ཆུ་ཚད་དང་། གྲུབ་འབྲས། སྟོབས་ཤུགས་བཅས་མངོན་པའི་སྟེགས་བུ་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་བྱ་དགའ་དཔྱད་བསྡུར་གོ་སྐབས་སུ་བྱས་ཏེ་ལྟེ་བར་ཞབས་འདེགས་ཞུས་ནས་འགྱུར་ལྡོག་ལ་སྣང་ཆེན་དང་། ཡིད་ཆེས་བརྟན་གཏོང་གིས་གཟུགས་བརྙན་གཏོད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་ཀྱིས་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་དང་། རིག་གཞུང་། སྐད་བརྡའི་མ་ལག་བཅས་འཛུགས་སྐྱོང་དང་རིག་མཛོད་དང་ཤེས་ལྡན་མི་སྣའི་མ་ལག་གསར་པ་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    ཚོགས་འདུའི་ཐོག་དགེ་རྒན་ནི་སློབ་གསོ་འཛུགས་སྐྱོང་གི་རྩ་བ་དང་སློབ་གསོ་དར་སྤེལ་གཏོང་བའི་འབྱུང་ཁུངས་ཤིག་རེད། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་པ་དེ་གལ་འགངས་ཤིན་ཏུ་ཆེ་བའི་རྨང་གཞིའི་ལས་དོན་ཞིག་ལ་བརྩིས་ནས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། ཐོབ་ཐང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དགེ་རྒན་གྱི་ཀུན་སྤྱོད་བླ་ན་མེད་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་མཐུན། གསོན་ཤུགས་འཕེལ་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཚོགས་འདུའི་ཐོག་འཐབ་ཇུས་དང་འཕྲལ་སྡོམ་གྱི་དངོས་ཟོག་གྲབས་གསོག་བྱེད་པ་ནི་རྒྱལ་ཁབ་ཀྱི་གྲབས་གསོག་མ་ལག་གི་ལྟེ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་གྲུབ་ཆ་གལ་ཆེན། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བའི་སྲ་ཞིང་བརྟན་པའི་འགན་ལེན་བཅས་རེད། སྡེ་ཚན་དབར་གྱི་མཉམ་ལས་དང་དམག་དཔུང་དང་ས་གནས་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། དེ་བས་ཕན་འབྲས་ཆེ་ལ་བདེ་འཇགས་ལྡན་པ་དང་ཚོད་འཛིན་ཐུབ་པའི་མཁོ་སྤྲོད་འགན་ལེན་མ་ལག་བསྐྲུན་པར་སྐུལ་འདེད་བཏང་སྟེ་འཐབ་ཇུས་དང་འཕྲལ་སྡོམ་གྱི་དངོས་ཟོག་སྣ་ཚོགས་གྲབས་གསོག་འདང་ངེས་དང་། དོ་དམ་ཡག་པོ། བཏོན་ཐུབ་པ། སྤྱོད་ཐུབ་པ་བཅས་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་སྲིད་གཞུང་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་རེ་བ་གསར་པ་དང་དེ་བས་མཐོ་བའི་བླང་བྱ་ཡང་བཏོན་གནང་ཡོད། ལོ་གསར་པ་དང་། ཚན་ཁག་གསར་པ། དམིགས་ཚད་གསར་པ་བཅས་ཀྱི་མདུན་དུ་ཆབ་སྲིད་བརྟན་པོ་དང་། འཕེལ་རྒྱས་ལ་དམ་འཛིན། དངོས་སྒྲུབ་འགན་ཁུར། མཐུན་སྒྲིལ་འབད་འཐབ། སྤྱོད་གཙང་སྲིད་སྐྱོང་བཅས་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱུན་མཐུད་ངང་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཁོང་དུ་ཆུད་པ། དོན་འཁྱོལ་བཅས་བྱེད་པའི་ཐད་བྱས་རྗེས་ངོ་མ་འཇོག་པ་དང་ཕན་འབྲས་དངོས་ཐོན་པར་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ཁག་དོན་འཁྱོལ་དང་ཚང་མར་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཐོག་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྗིད་ཆེའི་ཁས་ལེན་བྱས་པ་ཞིག་ཡིན་པས། ངེས་པར་དུ་ཁ་བཤད་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དེ་བས་ལེགས་པའི་གྲུབ་འབྲས་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།