ཉེ་དུས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་ཆེད་དོན་ཚོགས་ཆུང་གི་2023ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པས་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་ལས་ཀའི་གནས་ཚུལ་གྱི་སྙན་སེང་གསན་པ་དང་། 2022ལོའི་ལས་དོན་ལ་ཕྱོགས་སྡོམ་གནང་བ། 2023ལོའི་ལས་དོན་གྱི་གཙོ་གནད་ལ་ཞིབ་འཇུག་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རེན་ཝེ་དང་ལེང་ཧྥུའུ་ཁོན་ཚོགས་འདུར་ཞུགས་ཡོད་པ་རེད།
ཁྲེན་ཡུང་ཆིས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། “མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་དར་དམངས་ཕྱུག་དང་མཐའ་བརྟན་ཡོང་བར་སྐུལ་འདེད་གཏོང་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། འགན་འཁྲི་ནན་པོ། ལས་ཀའི་བྱ་ཐབས་ནུས་ལྡན་བཅས་ཀྱི་ཐོག་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལས་དོན་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
ཁྲེན་ཡུང་ཆིས། འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་དང་སྡེ་ཚན་གྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ཏེ་མཐའ་སྟོབས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར་སྲིད་ཇུས་དང་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁ་གཏད་བོད་སྐྱོར་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་དང་ལམ་སྲོལ་ཡག་པོ་སྤྱོད་དགོས་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བྱས་ནས་གོང་འོག་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་མང་མཐུན་སྦྱོར་དང་ཁྱོན་ཡོངས་མཉམ་འགུལ་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི“འདུ་འགོད་ཆེན་པོ་བདུན”ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སེལ་བ། སློབ་གྲྭ་དང་། སྨན་ཁང་། རིག་གནས། ལུས་རྩལ། ཁྲོམ་ར་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལ་སྤྱི་འདོམས་འཆར་འགོད་དང་འཛུགས་སྐྲུན་བྱེད་པ། གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་བཅས་བྱས་ནས། མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་མང་བ་ཡོང་ཐབས་བྱེད་དགོས། དམིགས་བསལ་བྱ་བ་དམིགས་བསལ་གྱིས་སྒྲུབ་པ་དང“གོམ་སྟབས་གསུམ་དེ་གོམ་སྟབས་གཅིག་ལྟར་སྤོ་བ”མཐའ་འཁྱོངས་ཀྱིས། ལོ་རྒྱུས་ཀྱི་བུ་ལོན་གང་མགྱོགས་འཇལ་བ་དང་། སྤུས་འབོར་གཉིས་ཀ་འགན་ལེན་གྱིས་འཕར་ཚད་ཀྱི་ལས་འགན་ཆད་ལུས་མེད་པར་ལེགས་སྒྲུབ་བྱེད་པ། ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།