དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་འབྲེལ་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-21

    ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་མཚུར་ཕུ་དགོན་དང་གནས་ནང་དགོན་དུ་ཕེབས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཞབས་ཞུ་དོ་དམ། རིག་དངོས་སྲུང་སྐྱོང་དང་ཉམས་གསོ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་དགེ་འདུན་པའི་འཐུས་མིར་གཟིགས་ནས་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།

    མཚུར་ཕུ་དགོན་དུ། ཡན་ཅིན་ཧའེ་ཡིས་མཚུར་ཕུ་དགོན་གྱི་དགོན་སྡེའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་།

    ཁོང་གིས་མཚུར་ཕུ་དགོན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོའང་ལྡན་ཡོད་ཅེས་གསུངས་པ་དང་། ཁོང་གིས་རིག་དངོས་སྲུང་སྐྱོང་གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་རྐྱེན་མ་བྱུང་གོང་ནས་ལྡོག་རྒྱུ་མཐའ་འཁྱོངས་ཀྱིས་དུས་བཀག་ནང་མེ་ཟོན་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས། རིག་དངོས་བདེ་འཇགས་ལ་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གནས་ནང་དགོན་དུ་ཡན་ཅིན་ཧའེ་ཡིས་དགོན་སྡེ་ཉམས་གསོ་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཨར་ལས་ཀྱི་སྤུས་ཚད་འགག་སྒོ་ནན་པོ་སྲུང་བ་དང་། དགོན་སྡེའི་ཞབས་ཞུ་དོ་དམ་ལ་མུ་མཐུད་ཤུགས་སྣོན་དང་གསར་གཏོད་བྱེད་པ། སྔོན་ཐོན་དགོན་སྡེ་དང་དཔེ་བཟང་དགོན་སྡེ་གཏོད་པ་བཅས་བྱས་ཏེ་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། མང་ཚོགས་སྐྱེ་ཁམས་འཛུགས་སྐྱོང་ནང་ཞུགས་པར་སྣེ་ཁྲིད་དང་སྒྲིག་འཛུགས་ཧུར་ཐག་བྱས་ནས་མང་ཚོགས་ལ་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་བར་སྐོར་ཚོང་གྲོང་དུ་ཕེབས་ནས་ཟོག་ཁུངས་ལ་གཟིགས་པ་དང་། ཟོག་གོང་དང་ཕྱིར་ཚོང་བྱེད་ཚད་བཀའ་འདྲི་གནང་བ་མ་ཟད། ཚོང་དུད་དང་བྱམས་བརྩེའི་ངང་གླེང་མོལ་ཡང་གནང་བ་རེད། བར་སྐོར་ཚོང་གྲོང་དུ་ཁྱོན་ཁྲོམ་བཀྱག་1500ལྷག་ཙམ་བཙུགས་ཡོད་པས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པ་རེད།

    ཡན་ཅིན་ཧའེ་ཡིས་མི་སེར་ཚོས་གཅིག་འཐུས་རྣམ་པར་བརྟེན་ནས་ལོ་གསར་གྱི་མཁོ་ཆས་ཉོ་ཐུབ་པར་ཁས་ལེན་གནང་ཤིང་། ཁོང་གིས་མི་སེར་ཚོར་མཁོ་བའི་ཅ་དངོས་ཀྱི་སྤུས་ཚད་འགན་ལེན་དང་བཟའ་བཅའི་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས། བཟའ་བཅའི་བདེ་འཇགས་བཅོས་སྐྱོང་གི་ནུས་པ་དང་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། མཁོ་སྤྲོད་འགན་ལེན་དང་། ཟོག་གོང་བརྟན་པོ། འཛད་སྤྱོད་ལ་སྐུལ་འདེད། དམངས་འཚོར་ཕན་པ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་ཏེ། དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་གྲོང་མིའི་འཚོ་བའི་དགོས་མཁོ་འགན་ལེན་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་བརྟན་ལྷིང་འཆམ་མཐུན་གྱི་བོད་ཀྱི་ལོ་གསར་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།