དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་དུས་ཆེན་རིང་གི་སྡོད་བྱའི་མི་སྣར་གཟིགས་ནས་འཚམས་འདྲི་དང་འབྲེལ་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོའི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-21

    བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཟླ་2ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་གཞི་རིམ་དུ་ཕེབས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ཕྱོགས་དང་པོའི་ལས་བཟོར་འཚམས་འདྲི་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་འབྲེལ། དུས་ཆེན་རིང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོའི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད།

    ལྷ་ས་སྦྲག་ཁུལ་ལྟེ་བའི་ཅུས་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སི་བཅས་སུ་ཁྲེན་ཡུང་ཆིས་ལས་བཟོའི་འཐུས་མི་རེ་རེ་བཞིན་ལ་ཕྱག་བཏང་སྟེ་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ། ཁོང་ཚོར་དཀར་གཙང་ཁ་བཏགས་གཡོགས་ནས་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།

    ཁོང་གིས། མྱུར་སྐྱེལ་མངགས་སྐྱེལ་བ་དང་། སྨན་དོན་ལས་དོན་པ། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་སོགས་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་དཀའ་ངལ་ལ་མ་འཛེམས་པར་དཀའ་སྤྱད་འབད་བརྩོན་བྱས་པ་དང་། ལྷག་པར་དུ་རིམས་ནད་ལ་འགོག་རྒོལ་བྱེད་རིང་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཚང་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། “སྲུང་སྐྱོང་གཉིས”ཐུབ་པ། “ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ། ལས་གནས་ལ་གཞི་ཚུགས་པ། རང་འགན་གཙང་སྒྲུབ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།

    སྣེའུ་ཞིང་ཟོག་ཉོ་ཚོང་ཁྲོམ་ར་དང་། དབན་ཏ་ཐང་ཆེན། གླིང་སྐོར་བྱང་ལམ་གྱི་ཁ་ཟས་ཚོང་ཁང་བཅས་སུ་ཁྲེན་ཡུང་ཆི་འབྲུ་སྣུམ་དང་། སྔོ་ཚལ། ཤ་རིགས་སོགས་བཙོངས་སའི་ཁྲོམ་བཀྱག་མང་པོ་དང་ཁ་ཟས་བཟོ་ས་དང་འཚོང་སར་ཕེབས་ནས་ཚོང་ལ་བྲེལ་བའི་སྦྱིན་བདག་དང་ཉོ་མཁན་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཟོག་ཁུངས་མཁོ་སྤྲོད་དང་། ཉིན་རེའི་བྲིན་ཚོང་། ཚོང་ཟོག་གི་རིན་གོང་། ལོ་གསར་མཁོ་ཆས་གྲ་སྒྲིག་བྱས་ཚུལ་སོགས་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས། རང་སྐྱོང་ལྗོངས་ཀྱི“དུས་ཆེན་གསུམ”རིང་གི་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོ་ཡོང་བ་བྱེད་པའི་ལས་ཀའི་ཇུས་གཞི་དང་བླང་བྱ་ལྟར། “ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁུར་ལམ་ལུགས་ནན་དུ་བཏང་སྟེ། འབྲུ་སྣུམ་དང་། ཤ་ཚལ་སྒོང་གསུམ་འོ་མ་དང་ཤིང་འབྲས་སོགས་དངོས་ཟོག་གསོག་འཇོག་དང་མཁོ་སྤྲོད་ཡག་པོ་བྱེད་པ་དང་། ཁྲོམ་རའི་ལྟ་འདོམས་དང་རིན་གོང་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡར་ཤུགས་སྣོན་རྒྱག་པ། ཟོག་གོང་ཧམ་སྤོར་དང་ངན་འབྲེལ་གྱིས་རིན་གོང་སྤོར་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། བཟའ་བཅའི་བདེ་འཇགས་ལ་གྲལ་བཤེར་གཏིང་ཟབ་བྱེད་པ། “ལྕེ་ཐོག་གི་བདེ་འཇགས”ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་བ་བཅས་བྱས་ནས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།