དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-20

    ཟླ་2ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། 2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཁག་བགོས་དང་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་གྲྭའི་བྱ་སྤྱོད་ཇུས་གཞི་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་ཚོགས་འདུར་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས་འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་ལོ་ཞིག་རེད། འགོ་ཚུགས་ཀྱིས་སྤྱི་ཡོངས་གཏན་འཁེལ་བྱེད་པ་དང་གོམ་པ་དང་པོ་ནི་མཐའ་མའི་གདོང་མཆོང་ལྟ་བུ་རེད། དུས་ཚིགས་དང་པོ་ནི་ལོ་ཧྲིལ་པོའི་དཔལ་འབྱོར་གྱི་རླུང་ཕྱོགས་སྟོན་རྟགས་ཤིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ། སྙིང་རུས་ཆེར་བསྐྱེད་དང་། བྱ་ཐབས་ནན་པོ། སྤྱོད་ཚུལ་ཏན་ཏིག་བཅས་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་དགོས་ཞེས་གསུངས་པ་རེད།

    ཁྲེན་ཡུང་ཆིས། རྣམ་གྲངས་འཛུགས་སྐྲུན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་མ་དངུལ་ནུས་ལྡན་གཏོང་ཤུགས་ཆེ་རུ་ཧུར་ཐག་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་གཙོ་རྒྱུའི་འགན་ལེན་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱིས་རང་ལྗོངས་ལ་བསྩལ་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་དགོས། དུས་ཚིགས་དང་པོའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་བྱ་སྤྱོད་ཇུས་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཙོ་གནད་རྣམ་གྲངས་ཀྱི་འགོ་ཁྲིད་ཀྱིས་འགན་གཙང་འགན་ལེན་བྱེད་པའི་ལམ་སྲོལ་མུ་མཐུད་ལག་བསྟར་བྱེད་པ་དང་། མཉམ་བཤེར་མཆན་འགོད་དང་ཆད་རུང་མཆན་འགོད་བྱས་ནས་གཙོ་གནད་རྣམ་གྲངས་ལ་ཆེད་སྒྲུབ་ཚོགས་ཆུང་གི་ཞབས་འདེགས་ཞུ་དགོས། རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ལས་ཐོན་བསྐྱར་ཚུགས་མགྱོགས་སུ་གཏོང་བ་དང་ལས་འགོ་གསར་པ་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཡག་པོ་སྒྲུབ་པ། རྣམ་གྲངས་ལ་སྐུལ་འདེད་གཏོང་རིང་ལྷག་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད། འཕེལ་རིམ་འགོར་བ་དང་ལས་དོན་རྗེས་སུ་ལུས་རིགས་ལ་བརྡ་ཁྱབ་གཏོང་བ་དང་སྐོང་འདྲི་བཅས་བྱས་ཏེ་དུས་ཚིགས་དང་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཚོགས་འདུར་ད་དུང་ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་མཁོ་འདོན་ལས་དོན་ལ་ཞིབ་འཇུག་བྱས་ནས་རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔྱིད་དུས་སློབ་འགོ་ཚུགས་པའི་སྐབས་ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་ཕྱོགས་ཡོངས་ནས་ཁྱབ་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།