དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-17

    ● ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་གཙོ་རྐང་དེར་དམིགས་ཏེ། ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2022ལོར། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱིས་དྲིལ་བསྒྲགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བ་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་ཀའི་གཙོ་རྐང་དེར་དམིགས་ནས། བརྗོད་དོན་གཙོ་བོ་གལ་ཆེན་དྲིལ་བསྒྲགས་འཕྲིན་སྤེལ་བྱེད་པ་དང་། གཙོ་རྒྱུན་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། དྲ་རྒྱའི་གླེང་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་སོགས་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་ཚུགས་གནས་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། རྒྱུན་སྲིང་ལྷོད་མེད་ངང་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། གཞི་རིམ་ལ་ཕྱོགས་ནས་སྒྲོག་སྦྱངས་བྱ་རྒྱུ་སྒྲིག་འཛུགས་བྱེད་པ། སྨྱན་སྦྱོར་བརྒྱུད་སྒྲོག་སྦྱངས་བྱེད་པར་ཤུགས་སྣོན་རྒྱག་པ། ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་བརྒྱབ་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྔར་བས་མི་སེམས་སུ་ཟུག་པར་བྱེད་དགོས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལས་དོན་གྱི་བཀོད་སྒྲིག་ལྟར། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་རང་རྟོགས་ངང་ཕྲག་ཏུ་འཁུར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་འཛུགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་སྤེལ་བ། རིག་གནས་དམངས་ཕན་དང་རིག་གནས“མཐའ་གསོས”འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་པ། ཏང་གི་གསུང་སྒྲ་བརྒྱུད་སྤྲོད་དང་ཏང་གི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ། ཕྱི་ཕྱོགས་ཀྱིས་བོད་ལྗོངས་ཤེས་རྟོགས་དེ་བས་ལེགས་པ་དང་བོད་འདི་ཉིད་འཛམ་གླིང་ཐོག་མགྱོགས་མྱུར་སྐྱོད་ཐུབ་པ་བཅས་བྱས་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    ཟླ་2ཚེས་14ཉིན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་ལྷ་སར་འཚོགས་ནས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། 2022ལོའི་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ། 2023ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་གྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གོ་བདེ་ཅན་དང་མང་ཚོགས་ཅན་གྱི་སྒོ་ནས་བརྒྱུད་བསྒྲགས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་དམིགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་འཐབ་ཇུས་རང་བཞིན་གྱི་ལས་འགན་དོན་འཁྱོལ་ནན་ཏན་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་ཤུགས་ཆེན་བསྟར་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། ཆ་འཕྲིན་ལག་རྩལ་གྱི་འཕེལ་ཕྱོགས་དང་བསྟུན་ནས་དྲ་རྒྱར་དོ་དམ་དང་། དྲ་རྒྱ་བེད་སྤྱོད། དྲ་རྒྱ་བཅོས་སྐྱོང་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་པོ་ཡོང་བར་བྱས་ནས་རིག་གནས་སྟོབས་ཆེའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དེ་བས་སྲ་ཞིང་བརྟན་པའི་གོམ་སྟབས་སྤོ་དགོས། རང་འགུལ་ངང་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་མངོན་པར་བྱེད་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་གཙོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱས་ནས་ལྗོངས་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།