དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-15

    ● སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་འཕྱུགས་པ་མེད་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཚེས་12ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་འཕྱུགས་པ་མེད་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད་བྱེད་པ། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་མཐོང་རྒྱ་ཆེ་བ་དང་། བསམ་བློ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཆར་གཞི་བཀོད་ཡོད་ལ་བརྟག་ཐབས་སྨྲ་བ་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་། སློབ་སྦྱོང་དང་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་ལ་ཕབ་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བའི་འཇུག་གཞི་འཚོལ་ཞིབ་ཡང་དག་བྱེད་པ་དང་། སྲིད་ཇུས་དང་། ཐོན་ཁུངས། སྐྱེ་ཁམས་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་བསྟར་ཁུལ་གང་མགྱོགས་སྐྲུན་པ་བཅས་བྱས་ནས། ས་ཁོངས་གཅིག་ལ་གཟི་བརྗིད་གཏོད་དགོས་ལ་ཁྱོན་ཡོངས་ལའང་བཀྲག་མདངས་སྣོན་ཐུབ་པ་བྱེད་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་མིའི་འཛད་སྤྱོད་རྒྱ་ཆེར་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕན་ནུས་ལྡན་པའི་མ་དངུལ་འཇོག་པའི་བར་མཐོངས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འཛད་མཐའ་མེད་པའི་སྒུལ་ཤུགས་སྣོན་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཚན་རྩལ་ལ་བརྟེན་ནས་མཁོ་སྤྲོད་ནུས་ལྡན་ཡོང་བར་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་སུ་བཏང་སྟེ་ལེགས་ཆ་འདོན་པ་དང་། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་པ་དང་། འབོར་ཚད་མང་དུ་གཏོང་བ་དང་། ནུས་པ་ཆེ་རུ་གཏོང་བ། སྤུས་ཀ་ལེགས་སུ་གཏོང་བ་བཅས་བྱས་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱུ་རྐྱེན་གཙོ་བོ་ཁག་ལུགས་མཐུན་ངང་འཁོར་སྐྱོད་དང་ཕན་འབྲས་ཆེ་བའི་སྒོ་ནས་གཅིག་ཏུ་འདུས་པར་ཁྲིད་སྟོན་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་འཕེལ་བར་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་ཟབ་ཏུ་བཏང་སྟེ“གློད་སྡོམ་ཞབས་གསུམ”སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་གྱི་རང་རྟོགས་དབང་ཆ་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་ཡོང་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་ཉེ་དུས་ཀྱི་ཤེས་ཚིག་དང་འཕྲིན་ལན་གལ་ཆེན་སོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་ལ་བསྟུན་པ་དང་དེར་ཞབས་འདེགས་ཞུ་བའི་སྤྱི་ཡོངས་ལ་དམིགས་ནས་བོད་ཀྱི་ས་བབ་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱིད་གྲོང་འགག་སྒོའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ལྷ་སའི་མཁའ་འགྲུལ་འགག་སྒོའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་པ་དང་བོད་ལྗོངས་འགྲེམས་ཚོགས་དང་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཡག་པོ་གཉེར་ནས་རྒྱལ་ནང་དང་རྒྱལ་སྤྱིའི་མཉམ་འདྲེས་ཁྲོད་གོམ་སྟབས་གསར་པ་སྤོ་ཐུབ་པ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས། འགན་འཁྲི་ཁ་གསལ་དང་། ཁ་ཕྱོགས་སྟངས་འཛིན། ཁྱོན་ཡོངས་ལ་ཞབས་ཞུ་བཅས་བྱེད་པ་དང་། གསང་སྲུང་འདུ་ཤེས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ། གསང་སྲུང་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་གསང་གནད་ཀྱི་གསང་ཨང་ཞབས་ཞུའི་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་ཆབ་སྲིད་ངོ་བོ་སྟངས་འཛིན་ནན་པོ་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་། མི་འདང་ས་འཚོལ་བ། ཞན་ཆ་སེལ་བ་བཅས་བྱས་ནས་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཁྲིམས་ལྟར་བསྡོམས་རྩིས་དང་ཁྲིམས་ལྟར་བཅོས་སྒྲིག་བྱེད་པ་དེ་བསྡོམས་རྩིས་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས་རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་གྱིས་བསྡོམས་རྩིས་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན་འགན་ལེན་ནུས་ལྡན་བྱས་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

    ཚོགས་འདུའི་ཐོག རྒྱལ་ཡོངས་ཡིག་སྐུར་ངོ་བཅར་ཅུས་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་2022ལོའི་ལྗོངས་ཡོངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་གྱི་གནས་ཚུལ་ཉན་པ་རེད། ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་ཡིག་སྐུར་ངོ་བཅར་སྡེ་ཚན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་ཡིག་སྐུར་ངོ་བཅར་ལས་དོན་ལ་གཅིག་འདོམས་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དམངས་ཀྱི་དཀའ་གནད་སེལ་བ་དང་ཏང་དང་དཀའ་སྡུག་མཉམ་ཁུར་གྱི་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་འགན་འཁྲི་ཏན་ཏིག་འཁུར་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཡིག་སྐུར་ངོ་བཅར་གྱི་གནད་དོན་འབྱུང་རྩ་ནས་བཅོས་སྒྲིག་དང་ཡིག་སྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དུས་རབས་གསར་པའི་བོད་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་གྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག 2023ལོའི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་དང་2022ལོའི་ཞིང་འབྲོག་ལས་དོན་གྱི་དཔྱད་ཞིབ་དང་བྱ་དགའི་གྲོས་འགོའི་ཇུས་གཞིར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད། ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་ཞིང་འབྲེལ་སྡེ་ཚན་གྱིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞི”ཤུགས་རྒྱག་སར་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་དང་། ཚན་རྩལ་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་བ། གནས་འཕྲོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་གཙོ་གནད་ལས་དོན་ཡག་པོ་བསྒྲུབས་ནས། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་ཕྱོགས་སུ་བསྐྱོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་སྐྲུན་ཆེད་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།