ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས། མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུ)གློག་རླངས་ཅན་སྒྱུར་བཀོད་རྣམ་གྲངས་ཀྱི་2023ལོའི་ཆེད་དོན་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་། 2022ལོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུ་གསན་པ། 2023ལོའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ལའེ་ཅའོ་ཡིས། དམིགས་ཚད་གཙོར་བཟུང་དང་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཤིང་། སྔོན་བཀོད་དོན་གནད་ལེགས་སྒྲུབ་དང་། བྱེད་པོའི་རྣམ་གྲངས་དང་ཡན་ལག་རྣམ་གྲངས་འཛུགས་སྐྲུན། ཨར་སྐྲུན་གྱི་དུས་འཁོར། ལེགས་སྒྲུབ་དུས་བཀག་སོགས་ལ་དམིགས་ཏེ། “ཨར་ལས་ས་ཁྲ”དང“འཆར་འགོད་རེའུ་མིག”བཟོས་ནས་ལས་རིམ་གསལ་འགོད་བྱེད་པ་དང་། དུས་བཀག་ལྟར་ཞིབ་བཤེར་རྩིས་ལེན་བཅས་བྱས་ནས་གཏན་འཁེལ་གྱི་དུས་ཚོད་ནང་སྔོན་བཀོད་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེར་གཏོང་དང་འགན་འཁྲི་ནན་ཏན་འཁུར་དགོས་ཤིང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ནུས་རྒྱུ་ཅུས་དང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སི། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་། ས་གནས་ཁག་དང་འགན་ནུས་སྡེ་ཚན་ཁག་སོ་སོས་འགན་འཁྲི་རང་འཁུར་དང་རང་འགན་གཙང་སྒྲུབ་བྱས་ཏེ་ཞིབ་འཇུག་བྱས་ནས་ཞིབ་མཆན་འགོད་ཆོག་པ་དང་། རྣམ་གྲངས་འཛུགས་སྐྲུན། ས་ཆ་བསྡུ་ལེན་དང་བཤིག་སྤོ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་ཐག་གཅོད། ས་གཤིས་གནོད་འཚེའི་ཉེན་ཁ་ཚོད་སྐོར། སྲུང་སྐྱོང་ཁུལ་དུ་བརྒལ་བ། ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག རིག་དངོས་བརྟག་དཔྱད་དང་ཚོད་སྐོར་སོགས་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གནད་དོན་འཕྲད་སྐབས་དུས་ཐོག་ཏུ་དགོངས་སྐོར་སྙན་སེང་ཞུ་བ། ཇུས་ཤུགས་མཉམ་འདོན་གྱིས་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ཤོག་ཅིག་འབུལ་དགོས་པའི་ནན་བཤད་གནང་བ་རེད།