ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་དང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་ཕེབས་ནས་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་གནང་བ་རེད།
རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཕྱོགས་བསྡུས་འགྲེམས་ཁང་དང་ཚན་རིག་ལག་རྩལ་ཁྱབ་གདལ་པུའུ་རུ། ཀྲོང་ཡན་གྱིས་ལས་དོན་ཁག་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཚན་རྩལ་མཐུན་ཚོཌ་ཀྱི་ལས་དོན་ལ་མདུན་ལམ་ཆེན་པོ་ལྡན་ཡོད། ཁྱེད་ཚོས་རྒྱ་ཆེའི་ཚན་རྩལ་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཧུར་ཐག་བྱེད་པ། ཚན་རིག་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲོང་ཡན་གྱིས། ལྗོངས་ཡོངས་ཀྱི་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱིས་ཚན་རྩལ་མཐུན་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལྟར། ཏང་དང་སྲིད་གཞུང་གིས་ཚན་རྩལ་ལས་བྱེད་པར་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བསམ་བློ་དང་ཆབ་སྲིད་ལས་ཀར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། “འཛུགས་གཏོད་བཞིར”དམིགས་ནས་རང་འགུལ་ངང་འགན་འཁྲི་འཁུར་ཏེ། ཚན་རྩལ་ལས་དོན་པར་ཞབས་འདེགས་ཞུ་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞབས་འདེགས་ཞུ་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བར་ཞབས་འདེགས་ཞུ་བ། ཏང་ཨུད་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས། སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་ཕན་འབྲས་ལ་བརྟེན་ཏེ། རྣམ་པ་གསར་པ་བཏོད་པ་དང་བྱས་རྗེས་གསར་པ་བཞག་ནས། ལྗོངས་ཡོངས་ཀྱི་ཚན་རྩལ་མཐུན་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲོང་ཡན་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལྟེ་གནས་སུ་ཕེབས་ཏེ། དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་གྱི་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ། བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་ནས། དབང་པོ་སྐྱོན་ཅན་གྱིས་ཐང་ག་འབྲི་བ་དང་། ལོང་བའི་འཕུར་མཉེད། འཚེམ་བཟོ་སོགས་ལས་རིགས་རྩལ་ནུས་གསོ་སྦྱོང་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
དབང་པོ་སྐྱོན་ཅན་གྱི་ལས་བཟོ་12ལས་ཞུགས་ཞབས་ཞུའི་ལྟེ་གནས་སུ་སྐྱོང་སྤེལ་བྱས་པའི་ཁེ་ལས་ནང་ལས་ཞུགས་ཐུབ་པ་དང་ཡོང་འབབ་བརྟན་པོ་ཡོད་པ་མཁྱེན་རྗེས། ཀྲོང་ཡན་གྱིས་ཀུང་སིའི་འགན་འཁུར་བ་སྐལ་བཟང་ལ་མཐེ་བོང་བསྒྲེངས་ནས“ཁྱེད་ཀྱི་བྱེད་སྟངས་ལས་མི་ཆོས་རིང་ལུགས་ཀྱི་བརྩེ་སེམས་ཟབ་མོ་མངོན་བཞིན་འདུག ཁྱེད་དང་འདྲ་བར་མི་དེ་བས་མང་བས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་རེ་བ་ཡོད”ཅེས་གསུངས་པ་རེད།
ཀྲོང་ཡན་གྱིས། ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་སུ་བརྟག་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་དབང་པོ་སྐྱོན་ཅན་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་ཏེ། རང་འགུལ་ངང“འཛུགས་གཏོད་བཞིའི”ལག་ལེན་ནང་ཧུར་ཐག་ཞུགས་དགོས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ། དབང་པོ་སྐྱོན་ཅན་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བཅས་བྱས་ནས། དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།