དབུ་ཤོག>སྲིད་དོན།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-03

    བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི། ཡན་ཅིན་ཧའེ།

    གཅིག 2022ལོ་དང་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན།

    འདས་མ་ཐག་པའི་2022ལོ་ནི་གལ་འགངས་ཤིན་ཏུ་ཆེ་ལ་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱས་པ་དེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་འགོད་ཀྱི་དཔེ་རིས་བཀོད་ཅིང་། གངས་ལྗོངས་ས་མཐོར་དེ་བས་མཛེས་སྡུག་ལྡན་པའི་གོང་འཕེལ་གྱི་མདུན་ལམ་མངོན་ཡོད། ལོ་གཅིག་རིང་། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“རིམས་ནད་འགོག་ཟོན་དང་། དཔལ་འབྱོར་བརྟན་འཁྱོངས། གོང་འཕེལ་བདེ་འཇགས”བཅས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིའི”ཐོག་ཤུགས་བསྒྲིལ་བ་མ་ཟད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དམ་ཟབ་བྱས་ནས་ལས་དོན་ཁག་ཏན་ཏིག་བསྒྲུབས་པ་དང་དཀའ་སེལ་འགག་སྒྲོལ་བྱས་པར་བརྟེན། ཧ་ཅང་ཛ་དྲག་ཆེ་བའི་དུས་བབ་འོག་ཤིན་ཏུ་ནས་ཐོབ་པར་དཀའ་བའི་གྲུབ་འབྲས་གསར་པ་བཏོད་ཡོད།

    —— སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་བདེ་འཇགས་བཅོས་སྐྱོང་གི“ཉིན་བརྒྱའི་ལས་འགུལ”སྤེལ་བར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ཆོས་ལུགས་ལས་རིགས་ཁོངས་གཏོགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་བ་དང་དགོན་པའི་ནོར་ཁྲལ་ལ་ལྟ་སྡོམ་བྱེད་ཚད་70%ཟིན་ཡོད། ལོ་ཧྲིལ་པོར་དམིགས་བསལ་གྱི་ཚབས་ཆེའི་དོན་རྐྱེན་གཅིག་ཀྱང་ཐོན་མེད་པས་མང་ཚོགས་ཀྱི་བདེ་སྣང་དང་མང་ཚོགས་བློ་ཡིད་ཚིམ་ཚད་98%ཡན་ཟིན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྐོང་འཚོག་བྱེད་པར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བཏོད་ཡོད།

    —— དཔལ་འབྱོར་གྱི་འཕེལ་ངོ་རྒྱུན་མཐུད་བཟང་པོ་བྱུང་བ། ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་2165ཟིན་ནས་3%ཡས་མས་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་8%ཡས་མས་དང་10%ཡས་མས་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5.5%ཡས་མས་སུ་ཚོད་འཛིན་ཐུབ་ཡོད། སྔ་རྗེས་སུ་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་བྱ་ཐབས“དོན་ཚན་38”དང“དོན་ཚན་29”པ་འགྲེམས་སྤེལ་བྱས་པ་མ་ཟད། རིགས་ཁག་གི་ཁྲོམ་རའི་བྱེད་པོ་དང་དཀའ་ངལ་ཡོད་མཁན་མང་ཚོགས་ལ་མ་དངུལ་སྒོར་དུང་ཕྱུར་116.7ཆག་ཡང་དང་། རྩ་ཆག ཕྱིར་སློག་བཅས་ཀྱི་ཁ་གསབ་བྱས་པས་རིམས་ནད་ཀྱི་བརྡབ་གསིག་འོག་དཔལ་འབྱོར་གྱི་འཕེལ་ངོ་མུ་མཐུད་བཟང་པོ་བྱུང་ཡོད།

    —— གལ་ཆེའི་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་པ། འགན་འཁྲི་གཙང་ལེན་གྱི་རྣམ་གྲངས་22ལ་སྐུལ་སྤེལ་གང་མགྱོགས་བཏང་ནས་ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུའི་ལེ་ལག་ཚང་བའི་གཞུང་ལམ་རྣམ་གྲངས་46དང་། G318ཀྱི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་བྱ་རྒྱུའི་ལས་གྲྭ་ཆ་ཚང་ལས་འགོ་བཙུགས་ཟིན་པ་མ་ཟད། ཕད་ནས་མེ་ཏོག་བར་གྱི་གཞུང་ལམ་ཧྲིལ་པོ་བསྐྲུན་ཟིན་ཡོད། ལྷུན་རྩེ་དང་དིང་རིའི་གནམ་ཐང་བསྐྲུན་ཟིན་ནས་གནམ་གྲུ་འཕུར་སྐྱོད་བྱེད་བཞིན་ཡོད། ཆན་ཝ་ཁྲི་བརྒྱ་རིམ་པའི་ཆུ་ཤུགས་གློག་ཁང་ཐོག་མ་སོལ་བ་ལུང་གློག་ཁང་ལས་གཉེར་བྱེད་འགོ་ཚུགས་ནས་གློག་གཏོང་བཞིན་ཡོད་པ་དང་། བར་རྩེའི་ཆུ་བེད་ལྟེ་གནས་ལས་འགོ་ཚུགས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་མ་ཟད། ཤངས་ཆུའི་ཆུ་བེད་ལྟེ་གནས་འོག་སྒོར་ཆུ་གསོག་བཞིན་ཡོད།

    —— ཁྱད་ལྡན་ཐོན་ལས་འཕར་སྣོན་བརྟན་པོ་བྱུང་བ། འབྲུ་རིགས་དང་། སྔོ་ཚལ། ཤ་སྒོང་། དཀར་ཆུ་བཅས་ཀྱི་ཐོན་འབོར་ཁག་སོ་སོར་ཏུན་ཁྲི་107དང་། ཏུན་ཁྲི་93 ཏུན་ཁྲི་88བཅས་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། “རྫས་གསུམ་རྟགས་གཅིག”གི་ཞིང་ལས་ཐོན་རྫས་ལྡབ་གསུམ་འཕར་ཡོད། རིགས་ཁག་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་613.4ཟིན་ནས་གློག་གཏོང་ཚད་དུས་མཚུངས་ལས་30.4%འཕར་ཡོད། ས་མཐོའི་ནུས་མང་གཡོས་སྦྱོར་ཐབ་ཆས་ཀྱི་རྣམ་གྲངས་ལས་གཉེར་བྱེད་བཞིན་ཡོད་པ་དང་། གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་200ལས་བརྒལ་ཡོད། རང་སྐྱོང་ལྗོངས་ཀྱི་སྤྱི་པའི་དངོས་ཟོག་གྲབས་མཛོད་དང་སྡེབ་སྐྱེལ་ལྟེ་གནས་བསྐྲུན་ཟིན་ནས་ལས་གཉེར་བྱེད་བཞིན་ཡོད། སྔོན་དཔག་ལྟར་ན་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་13%ཡན་དང་ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་འབོར་12%འཕར་བཟོ་ཡོད།

    —— གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ནུས་ལྡན་བྱས་པ། དབུལ་ལོག་ཉེན་ཆེའི་དུད་ཚང་5105ཡི་མི་གྲངས་21739ཡི་དཀའ་ངལ་བསལ་ཡོད། ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཚད་མུའུ་ཁྲི་200ལས་བརྒལ་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་390ཟིན་ཡོད། “ས་གྲོལ་སོན་འདེབས་དང་། འབྲུ་རིགས་ལ་དོ་དམ་ནན་པོ། འབྲུ་རིགས་འདང་ངེས་བཞིན་གསོག་འཇོག ཚན་རིག་དང་མཐུན་པའི་སོན་འབྲུ་བརྗེ་རེས”བཅས་ཀྱི་གྲབས་གསོག་ལམ་བུ་གསར་པ་འཚོལ་ཞིབ་བྱས་པས་གྲབས་གསོག་འབྲུ་རིགས་ཏུན་ཁྲི་3.57འཕར་ཡོད། མཛེས་སྡུག་ལྡན་པའི་གནས་འཕྲོད་གྲོང་ཚོ་དང་སྲ་བརྟན་ལེགས་གཏོང་གྲོང་ཚོ་200གང་མགྱོགས་འཛུགས་སྐྲུན་བྱེད་བཞིན་ཡོད། ཞིང་འབྲོག་མང་ཚོགས་ཀྱིས་སྲོལ་བཟང་འཛུགས་པའི་བྱ་སྤྱོད་སྤེལ་འགོ་བཙུགས་ཡོད། ཞིང་འབྲོག་མང་ཚོགས་ཁྲི་63.1གནས་སྒྱུར་ལས་ཞུགས་ཐུབ་པ་དང་ངལ་རྩོལ་ཡོང་འབབ་སྒོར་དུང་ཕྱུར་55.6ཟིན་ནས་དམིགས་ཚད་ལས་འགན་ཚད་བརྒལ་ལེགས་གྲུབ་བྱས་ཡོད།

    —— སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་བྱ་སྤྱོད་ཀྱི“དོན་ཚན་21”ལག་བསྟར་བྱས་པ་དང་། ཐོན་ཁུངས་གསར་སྤེལ་དང་ཁེ་ཕན་མཉམ་སྤྱོད་ཀྱི་ལམ་སྲོལ་བཙུགས་ཡོད། ལྗོངས་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་རྣམ་གྲངས་དྲ་ཐོག་ནས་གཉེར་ཚད་100%ཟིན་ཡོད། ཁྲོམ་རའི་བྱེད་པོ་ཁྲི་2.87མང་དུ་སོང་བ་དང་ཚོང་འགུག་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་450དོན་འཁྱོལ་བྱུང་ཡོད། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་31.2དོན་འཁྱོལ་བྱས་ཡོད། ལྷ་སའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དེ་ཉིད་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་ལ་རིམ་སྤོར་བྱས་པ་དང་། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དེ་ཉིད་སྒོ་སྡོམ་ལས་གཉེར་བྱེད་བཞིན་ཡོད། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་རྒྱལ་སྒྲོལ་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་རྒྱུར་ཆོག་མཆན་ཐོབ་ཡོད། རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་དང་མཚོ་བོད་ས་མཐོའི་ཚན་ཞིབ་ལྟེ་གནས་བོད་དུ་གཞིས་ཚུགས་ཡོད།

    —— དམངས་འཚོའི་བྱ་བ་དངོས་བསྒྲུབ་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ། “དམངས་འཚོའི་ལས་གཞི་ཆེན་པོ་བཅུར”མ་དངུལ་སྒོར་དུང་ཕྱུར་147.4བཏང་ཡོད། སློབ་གྲྭ་ཚང་མར་དྲོད་རླངས་མཁོ་འདོན་བྱ་རྒྱུ་དང་། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ཚ་ཁྲིའི་ཚོད་ལྟ་སྤེལ་རྒྱུ། ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་སོགས་ཀྱི་རྣམ་གྲངས་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད། སློབ་གསོ་དང་། སྨན་བཅོས། རིག་གནས། བདེ་སྡོད་འགན་སྲུང་། རོགས་སྐྱོར་རྒུད་སྐྱོབ་སོགས་ཀྱི་ཐད་མ་དངུལ་འཇོག་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། དམངས་འཚོའི་རྣམ་གྲངས་13གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་མ་ཟད། དམངས་འཚོའི་བྱ་བ་དངོས་38ཚང་མ་དོན་འཁྱོལ་བྱས་ཡོད།

    —— སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་སོང་བ། “ཁུལ་གསུམ་ཐིག་གཅིག”གི་དབྱེ་མཚམས་གཏན་འཁེལ་བཟོས་པ་དང“ཐཱན་གཉིས”ཀྱི་གདིང་གཞིར་དཔྱད་དཔོག་བྱས་ཡོད། གངས་འཁྱགས་ཐོན་ཁུངས་སྲུང་སྐྱོབ་འཆར་འགོད་དང་རྣམ་གྲངས་རིམ་སྤོར་གྱི་ཞིབ་མཆན་ལམ་སྲོལ་བཟོས་ཡོད། ལྷ་སའི་ལྷོ་བྱང་རི་བོ་སྔོ་སྒྱུར་གྱི་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་14དང་ལྗོངས་ཡོངས་ཀྱི་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་117.9ལེགས་གྲུབ་བྱས་པ་མ་ཟད། རྩྭ་ཐང་ཞན་འགྱུར་མུའུ་ཁྲི་437.5སླར་གསོ་བྱས་ཡོད། ལྗོངས་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་7གྱི་མཁའ་རླུང་སྤུས་ཚད་བཟང་བའི་ཉིན་གྲངས་དེ་99%ཡན་ཟིན་པ་དང་། གཙོ་གནད་གཙང་པོ་དང་། ཆུ་བོ། མཚེའུ་བཅས་ཀྱི་སྤུས་ཚད་ཚང་མ་IIIརིགས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ཡག་པ་བྱུང་ཡོད། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚོགས་ཆུང་དང་དེ་མིན་བརྟག་དཔྱད་ཚོགས་ཆུང་གིས་ཚུར་ལན་བྱས་པའི་གནད་དོན་བཅོས་སྒྲིག་ནན་ཏན་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    —— མཐའ་དར་དམངས་ཕྱུག་སྔར་བས་བརྟན་དུ་སོང་བ། མཐའ་མཚམས་བདེ་འཁོད་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་18བཟོས་ཡོད། མཐའ་དར་དམངས་ཕྱུག་གི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་4སྐྲུན་འགོ་ཚུགས་པ་དང་མཐའ་མཚམས་བཀོད་སྒྲིག་ས་ཚིགས་48བསྐྲུན་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་མཐའ་མཚམས་རིགས་དབྱེ་དང་མཐའ་མཚམས་མི་སེར་གྱི་ཁ་གསབ་རོགས་དངུལ་ཚད་ལྡན་བཟོས་ཡོད། མཐའ་མཚམས་རྫོང་གི་ཚད་ལྡན་ཅན་གྱི་ཆུ་མཁོ་འདོན་བཟོ་གྲྭ་དང་གད་སྙིགས་སྦས་ས་ཆ་ཚང་བསྐྲུན་ཟིན་པ་དང་། རང་བྱུང་གྲོང་ཚོ་30ཡི་ཨར་འདམ་ལམ་ཚང་མ་ལས་འགོ་བཙུགས་ཟིན་ཡོད། གཙོ་གནད་ཤང་དང་གྲོང་རྡལ་ཚང་མར་གློག་དྲ་ཆེན་པོ་དང་། སྦྲག་སྲིད། དྲ་ཆེན་བཅས་འཁྲིད་ཚར་བ་མ་ཟད། 4Gབརྡ་རྟགས་གྲོང་ཚོ་ཚང་མར་ཁྱབ་ཡོད།

    འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་རིང་། རིམས་ནད་ཀྱི་ཉམས་སད་དྲག་པོའི་མདུན་དུ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་བཀའ་སློབ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྔོན་འགོག་དང་ཚོད་འཛིན་གནད་འཁེལ་དང་། ཚན་རིག་དང་མཐུན་པའི་ཁ་གཏད་བཅག་པ་མ་ཟད། ཞིང་ཆེན་དང་གྲོང་ཁྱེར་18ཀྱིས་རོགས་སྐྱོར་གང་ཐུབ་གནང་བ་དང་། རྒྱ་ཆེའི་སྨན་དོན་པ་དང་། ཏང་ཡོན་ལས་བྱེད་པ། དང་བླངས་པ། མི་རིགས་ཁག་གི་མང་ཚོགས་བཅས་ཀྱིས་བློ་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

    འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་སྟེ། “ཚོགས་ཆེན་ཉི་ཤུ་པ་སློབ་སྦྱོང་བྱེད་པར‘སྲིད་གཞུང་ནི་གང་ཡིན་པ་དང་། གང་བྱེད་མཁན་ཡིན་པ། ཇི་ལྟར་སྒྲུབ་པ”བཅས་ཀྱི་སློབ་སྦྱོང་ལག་ལེན་གྱི་བྱེད་སྒོར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་དོན་འཁྱོལ་གཏིང་ཟབ་བྱས་ཡོད། སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས“མིག་དཔེ་དྲུག”དང“ངེས་པར་དུ་བརྒྱད”ཧུར་ཐག་བསྒྲུབས་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་ཁྲིམས་སྲོལ་ཁག་6ཕུལ་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞིར་བསྒྲུབས་ལན་སྤྲོད་ཚད་100%ཟིན་ཡོད། རྩིས་བཤེར་ལྟ་སྐུལ་དང་། ཡིག་འབུལ་ཞུ་བཅར། ལས་མིའི་འགྱངས་ཆད་གླ་ཆ་གཙང་བཤེར་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྲིད་གཞུང་གི་ཡིད་རྟོན་འཕེལ་ཤུགས་ཆེ་རུ་བཏང་ཡོད།

    འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་ལས་སྐབས་འདིའི་སྲིད་གཞུང་གི་ལས་དོན་ལམ་ལྷོངས་ངང་ལེགས་གྲུབ་བྱུང་བ་མ་ཟད། དེ་བས་ཀྱང་འདས་ཟིན་པའི་ལོ་ལྔའི་རིང་དང་ཐ་ན་དུས་རབས་གསར་པའི་ལོ་བཅུའི་རིང་གི་བོད་ཀྱི་བྱ་གཞག་གོང་འཕེལ་ཐད་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ཡོངས་སུ་མངོན་ཐུབ།

    ལོ་ལྔའི་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་བ་སྒུལ་ཤུགས་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སྐོང་འཚོག་གནང་བ་དང་། སྐུ་ངོ་མས་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ཏེ་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པ་དང་དམིགས་བསལ་གྱི་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་གནང་བ་མ་ཟད། གལ་ཆེའི་རྣམ་གྲངས་རབ་དང་རིམ་པ་གཏན་འཁེལ་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ལྗོངས་ཏང་ཨུད་སྐབས་དགུ་པ་དང་སྐབས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་སྤེལ་ཧུར་ཐག་བཏང་ཡོད།

    ལོ་ལྔའི་རིང་། ང་ཚོས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཐད་མཐོར་འདེགས་གསར་པ་ཡོང་བ་བྱས་ཡོད། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་བཏང་བ་དང་། དངོས་པོའི་ནུས་ཤུགས་དང་བསམ་པའི་ནུས་ཤུགས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ“ལྟོ་གོས་འགན་ལེན”དང“བསམ་བློར་སྟངས་འཛིན”བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པར་བརྟེན། ཞི་མཐུན་བརྟན་ལྷིང་གི་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པར་སྐུལ་སྤེལ་ཤུགས་ཆེན་བཏང་བ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་ཁྱབ་གདལ་བཏང་བར་བརྟེན། “མོས་སེམས་ལྔ”མི་སེམས་ལ་བརྟན་པོ་ཟུག་ཡོད། 《ཆོས་ལུགས་ལས་དོན་སྲོལ་ཡིག》གི་ལག་བསྟར་བྱ་ཐབས་ལ་དག་བཅོས་བྱས་པ་དང་། “འདུ་ཤེས་གསུམ”དང“ཚད་གཞི་བཞིར་བརྩི་སྲུང་ཞུ་བའི”སློབ་གསོ་གཏིང་ཟབ་སྤེལ་ཡོད། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དང་། འགལ་ཟླ་དང་ཉེན་ཁའི་རིགས་ཐག་གཅོད་ནུས་ལྡན་བྱས་པར་བརྟེན། མང་ཚོགས་ཀྱི་བདེ་སྣང་དང་མང་ཚོགས་བློ་ཡིད་ཚིམ་ཚད་རྒྱུན་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ལོ་ལྔའི་རིང་། ང་ཚོས་གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་པ་བཏོད་ཡོད། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་7.9%འཕར་བ་དང་མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ཨ་སྒོར་8600ཟིན་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བསྡོམས་འབོར་ལོ་རེར་ཆ་སྙོམས་12%འཕར་ཡོད། ལོ་བསྟུད་མར་འབྲུ་རིགས་ཐོན་འབབ་བཟང་པོ་བྱུང་ནས་ཁྱོན་ཐོན་འབོར་ཏུན་ཁྲི་100ཡན་བརྟན་འཁྱོངས་ཐུབ་ཡོད། རྫོང་དང་། ཆུས། གཙོ་གནད་ཤང་དང་གྲོང་རྡལ་ཚང་མར་གློག་དྲ་ཆེ་མོ་ཁྱབ་ཟིན་པ་དང་ལོ་རེར་གློག་གཏོང་ཚད་ལྡབ་འགྱུར་འཕར་ཡོད། རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་ཁྲི་12ལས་བརྒལ་བའི་ནང་རིམ་མཐོའི་གཞུང་ལམ་སྤྱི་ལེ་1105ཡོད། ལྷ་ཉིང་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་བསྐྱར་དར་རྟགས་ཅན་གངས་ལྗོངས་ས་མཐོར་འཁྱུག་བགྲོད་བྱེད་བཞིན་ཡོད། དམངས་སྤྱོད་མཁའ་འགྲུལ་ལམ་ཐིག་150ལས་བརྒལ་ཡོད། འོད་སྐུད་ཀྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་27ཡན་ཟིན་པ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་གྲངས་5.04འཕར་ཡོད། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་ལ་འགག་སྒྲོལ་གསར་པ་བྱུང་ཡོད། “དྲ་གཅིག་སྟེགས་གསུམ”བསྐྲུན་ཟིན་ནས་ལས་གཉེར་བྱེད་འགོ་ཚུགས་པ་མ་ཟད། ཁྲོམ་རའི་བྱེད་པོ་ལྡབ་འགྱུར་མང་དུ་ཕྱིན་ནས་ཚོང་དུད་ཁྲི་43.5ཟིན་ཡོད། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་ལོ་རེར་ཆ་སྙོམས་མ་དངུལ་འཇོག་ཤུགས་17.5%འཕར་ཡོད། བོད་སྐྱོར་ལས་དོན་དང་ལྷག་པར་དུ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཐད་འགག་སྒྲོལ་ཆེན་པོ་བྱུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

    ལོ་ལྔའི་རིང་། ང་ཚོས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བར་སྐུལ་འདེད་གཏོང་བའི་ཐད་ཡར་རྒྱས་གསར་པ་ཡོང་བ་བྱས་ཡོད། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ལོ་རེར་ཆ་སྙོམས་12.8%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ་དང་ཞིང་འབྲོག་མང་ཚོགས་མི་ཁྲི་60ཡན་གནས་སྒྱུར་ལས་ཞུགས་ཐུབ་ཡོད། ཧྲིལ་ལོ་15ལོན་པ་དང་དེ་ཡན་གྱི་མི་འབོར་ལ་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་1.5རིང་དུ་སོང་བ་དང་། མི་ཆིག་སྟོང་རེར་ཉལ་ཁྲི་5.37བར་མང་དུ་སོང་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་1.59རིང་དུ་སོང་བ། སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་བཅས་བྱུང་ཡོད། རིག་གནས་དམངས་ཕན་ལས་གཞི་གསར་གཏོད་ལག་བསྟར་དང་། རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་སོང་བ་མ་ཟད། ཆེད་བསྐོས་འགན་གཅིག་ལྕོགས་ཀྱི་རིག་རྩལ་དཔུང་ཁག་མི་ཁྲི་10ལས་བརྒལ་བ་དང་། རིག་རྩལ་བརྩམས་ཆོས་དང་རིག་རྩལ་འཇོན་ཐང་ཅན་ལ་རྒྱལ་ཁབ་དང་། ཞིང་ཆེན། པུའུ་བཅས་རིམ་པའི་བྱ་དགའ་ཆེན་པོ་49ཐོབ་ཡོད། ལུས་རྩལ་པས་ཐེངས་དང་པོར་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས། མི་རིགས་ལུས་རྩལ་འགྲན་ཚོགས་སོགས་ཀྱི་འགྲན་བསྡུར་ཆེ་གྲས་ཁག་ནང་ཞུགས་ནས་གཟེངས་བསྟོད་རྟགས་མ་ཐོབ་ཚད་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་བྱུང་ཡོད། མིག་སྔར་ང་ཚོ་ནི་ལོ་ངོ་སྟོང་ཕྲག་རིང་དབུལ་པོ་དབུལ་རྐྱང་གི་གནས་ལས་ཡོངས་སུ་ཐར་ཏེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་བཞིན་ཡོད་པ་མ་ཟད། ལྗོངས་ཡོངས་ཀྱི་གོང་འཕེལ་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད།

    ལོ་ལྔའི་རིང་། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་པ་མངོན་ཐུབ་པ་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱལ་ཁོངས་ས་ཆའི་50%ཡན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་བཅུག་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ཁུལ་བསྐྲུན་རྒྱུར་ཆོག་མཆན་ཐོབ་ནས་བསྐྲུན་ཟིན་ཡོད། རྩྭ་ཐང་གི་སྔོ་ཁེབས་དང་ནགས་ཚལ་གྱི་ཁེབས་རྒྱ་ཆེ་རུ་སོང་བ་མ་ཟད། ས་རྒོད་དང་བྱེ་ཐང་ཅན་དུ་འགྱུར་ཚད་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་འགན་ཚང་མ་ལེགས་གྲུབ་ཟིན་ཡོད། མཁའ་རླུང་དང་། ཆུ། ས་རྒྱུ་བཅས་ཀྱི་སྤུས་ཚད་རྒྱུན་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྐྱེ་ཁམས་བྱ་དགའི་ཁ་གསབ་དངུལ་སྒོར་དུང་ཕྱུར་663.9དོན་འཁྱོལ་བྱས་པས་ཞིང་འབྲོག་མང་ཚོགས་འབོར་ཆེན་ཞིག་རི་སྔོན་ཆུ་དྭངས་ཀྱི་སྲུང་སྐྱོབ་པ་དང་ཁེ་ཕན་ཐོབ་མཁན་ལ་གྱུར་ཡོད།

    ལོ་ལྔའི་རིང་། ང་ཚོས“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུ”མཐའ་འཁྱོངས་བྱས་ཏེ་མཐའ་སྟོབས་དང་། མཐའ་དར། དམངས་ཕྱུག་བཅས་ལ་སྐུལ་འདེད་གཏོང་བའི་ཐད་འགག་སྒྲོལ་གསར་པ་བྱུང་ཡོད། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624བསྐྲུན་ཟིན་ནས་མཐའ་མཚམས་ཀྱི་ཐེམ་ཐོ་ཡོད་མཁན་མི་གྲངས་10.5%འཕར་བ་དང་། མཐའ་སྲུང་གཞུང་ལམ་ཤར་གཏོང་ཐུབ་ཚད་ལྡབ་3.7འཕར་ཡོད། མཐའ་མཚམས་རྫོང་21གི་དཔལ་འབྱོར་སྤྱི་འབོར་དང་གྲོང་མིའི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་མགྱོགས་པོ་བྱུང་ཡོད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཐུན་མོང་ཐོག་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོབ་དང་ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་བཞིན་ཡོད།

    ལོ་ལྔའི་རིང་གི་ལག་ལེན་དངོས་ལས་ར་འཕྲོད་བྱུང་བར། སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་ཁྲིད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ངེས་པར་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་གི་ཐད་ལག་བསྟར་ཐུབ་པ་བྱ་རྒྱུ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་མཐུད་བརྟན་པོ་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས། ངེས་པར་དུ་གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ་གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དང་། ལས་དོན་མཐའ་དག་དོན་དངོས་ལ་གཞིགས་ཏེ་དམ་པ་དོན་གཉེར་དང་། ཡུལ་བབ་ལ་བསྟུན་པ། རིགས་དབྱེ་ཇུས་བསྟར་བཅས་བྱེད་དགོས། ངེས་པར་དུ་སྒྱུར་བཅོས་སྒོ་དབྱེའི་འགག་རྩའི་ཐབས་ལམ་མཐའ་འཁྱོངས་བྱས་ཏེ་སྒུལ་ཤུགས་ཆེ་རུ་གཏོང་བ་དང་གསོན་ཤུགས་འཕེལ་བར་བྱེད་དགོས། ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་གི་ལམ་བུའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་བརྟན་འཁྱོངས་རྒྱང་བགྲོད་ཐུབ་པར་སྐུལ་འདེད་གཏོང་དགོས།

    འཐུས་མི་རྣམ་པ། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མིན་ལ། ལོ་ལྔའི་རིང་གི་འབད་འཐབ་ནི་སེམས་ལ་ངེས་རིན་ཡོད་པ་ཞིག་ཡིན། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་སྟོན་དེད་དཔོན་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ། རྒྱལ་ཡོངས་མི་དམངས་རྣམས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བ་བཅས་ལས་བྱུང་བའི་འབྲས་བུ་ཡིན་ལ། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྐབས་རིམ་བྱུང་སྲིད་གཞུང་ཚན་ཁག་གི་རྒྱུན་མཐུད་འབད་བརྩོན། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་རོགས་སྐྱོར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་བཅས་བྱས་པ་ལས་བྱུང་བའི་འབྲས་བུའང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས། བོད་སྡོད་ཀྲུང་དབྱང་ལས་ཁུངས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། བོད་སྐྱོར་ཚན་པ། ལས་འཁྱུར་རྒན་ཡོལ་ཞུས་པའི་བློ་མཐུན། བོད་སྡོད་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། མེ་ཟོན་མྱུར་སྐྱོབ་རུ་ཁག་བཅས་དང་། དེ་བཞིན་མི་དམངས་ཚོགས་པ་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་ལྷན་རྒྱས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    འཐུས་མི་རྣམ་པ། ང་ཚོས་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་ཤེས་དགོས་པ་ནི། “དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་མདུན་དུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བར་སྔ་ཕྱི་བར་གསུམ་དུ་ཉམས་སད་དྲག་པོ་འཕྲད་པ་དང་། གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་བསྐྲུན་པའི་ལས་འགན་ལྕི་ལ་ལམ་ཐག་རིང་བ། མཐའ་བརྟན་མཐའ་དར་དང་མཐའ་སྟོབས་ཀྱི་འགན་འཁྲི་ལྕི་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་མི་ཉུང་བ་ཞིག་ད་དུང་ཐག་གཅོད་བྱེད་དགོས་པ། སྲིད་གཞུང་གི་ལས་དོན་སྒྲུབ་ནུས་སྔར་བཞིན་མི་འདང་བ་དང་། ལས་ཕྱོད་ཆེན་པོ་མེད་པ། སྤྱོད་ཚུལ་མི་ལེགས་པ་བཅས་ཀྱི་གནད་དོན་མི་ཉུང་བ་ཞིག་སྔར་བཞིན་གནས་ཡོད་པས། གནད་དོན་དེ་དག་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ནས་བཅོས་སྒྲིག་ཏན་ཏིག་བྱེད་དགོས།

    གཉིས། སླད་ཕྱིན་ལོ་ལྔའི་རིང་གི་དམིགས་ཚད་ལས་འགན་དང་སྤྱིའི་བསམ་གཞི།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། འབྱུང་འགྱུར་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ནི། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཕྱོགས་ཡོངས་ནས་འཛུགས་གཏོད་བྱ་རྒྱུ་མ་ཟད། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྔོན་སྤེལ་ཁུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་སྟོབས་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་བྱེད་པར་ངོ་བོའི་རང་བཞིན་གྱི་ཡར་རྒྱས་ཡོང་བར་བྱ་རྒྱུ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བར་ཁྱོན་ཡོངས་རང་བཞིན་གྱི་རང་འགུལ་སྟངས་འཛིན་ནན་པོ་བྱ་རྒྱུ། དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་ངང་གོང་འཕེལ་བཏང་སྟེ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་འཕར་ཚད་8%ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཀྱི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་རྒྱུན་འཁྱོངས་བྱ་རྒྱུ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱས་ནས་རྒྱལ་ཁབ་ཀྱི“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་བསལ་གྱི་ནུས་པ་འདོན་སྤེལ་དང་གལ་ཆེའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ། མཐའ་མཚམས་ཕྱོགས་ཡོངས་ནས་བདེ་འཇགས་ཡོང་བ་བྱ་རྒྱུ་མ་ཟད། མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ་དང་། ཕྱུག་འགྱུར་གྱི་ཐབས་ལམ་ཡོད་པ། མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ། གོང་འཕེལ་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་མཐའ་མཚམས་ས་ཁུལ་གོང་འཕེལ་གྱི་རྣམ་པ་གསར་པ་གཞི་རྩའི་ཆར་གྲུབ་པ་བྱ་རྒྱུ་བཅས་ཡིན།

    གོང་གསལ་གྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར། སྲིད་གཞུང་གི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ཐོག་ཤུགས་བསྒྲིལ་བ་དང་། ཆད་སྐྱོན་སེལ་བ་དང་། ཞན་ཆ་ལེགས་གཏོང་། རྨང་གཞི་བརྟན་གཏོང་། ལེགས་ཆ་འདོན་སྤེལ་བཅས་ལ་ཤུགས་སྣོན་རྒྱག་པ། འདུ་ཤེས་བསྐྱར་འཛུགས་དང་། ཐབས་ལམ་ལེགས་གཏོང་། བྱེད་ཐབས་གསར་གཏོད་བཅས་བྱས་ནས་ལེགས་ཆ་སྐྱོང་སྤེལ་དང་ལས་ཕྱོད་ཆེ་རུ་གཏོང་བ། “བཟུང་ཆ་བརྒྱད”ལ་བརྟེན་ནས་གྲུབ་ཆ་ལེགས་སྒྲིག་དང་། བྱེད་ནུས་ལེགས་སྒྱུར། སྤུས་ཚད་མཐོར་གཏོང་བཅས་བྱས་ཏེ་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས།

    —— “རྨང་གཞི་གཉིས”བརྟན་ཏུ་གཏོང་རྒྱུ། མི་རིགས་ཆོས་ལུགས་ལས་ཀའི་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་སྟངས་འཛིན་ནན་པོ་བྱས་ནས་མི་རིགས་འཆམ་མཐུན་དང་། ཆོས་ལུགས་ཞི་དུལ། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་རྒྱུ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས“ལས་གཞི་ཆེན་པོ་བཞི”དང“ལས་འགུལ་དྲུག”ལག་བསྟར་ནན་ཏན་བྱ་རྒྱུ། མཐོང་རྒྱུ་ཡོད་ལ་ཚོར་རྒྱུ་ཡོད་པ་དང་ཕན་འབྲས་ཐོན་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་དང་དཔེ་བཟང་ཁུལ་འཛུགས་གཏོད་བྱས་ཏེ“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུ་མ་ཟད། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ།

    བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་སྟེ། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་ཏན་ཏིག་སྤེལ་རྒྱུ་མ་ཟད། “ལྟོ་གོས་འགན་ལེན་དང་བསམ་བློར་སྟངས་འཛིན”བྱ་རྒྱུ་གཉིས་མཐའ་འཁྱོངས་བྱས་ཏེ་དགོན་སྡེའི་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ།

    —— “གཙོ་གནད་གཉིས”ལ་ཤུགས་རྒྱག་རྒྱུ། རང་ལྗོངས་ཀྱི་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་བཅུ་ཆ་དགུ་ཡན་ནི་ཞིང་འབྲོག་ཁུལ་དུ་ཡོད་པ་དང་མི་འབོར་བཅུ་ཆ་དྲུག་ཡན་ནི་ཞིང་འབྲོག་མང་ཚོགས་ཡིན་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་ཅན་ནི་དེང་རབས་ཅན་གྱི་འགྲོ་ལམ་ཉག་ཅིག་ཡིན་པའི་གོང་འཕེལ་གྱི་ཆོས་ཉིད་དེ་སྟངས་འཛིན་ནན་པོ་བྱས་ནས། གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཁག་མཛེས་ཤིང་ལྟ་ན་སྡུག་ལ་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་ཐུབ་པ་བྱ་རྒྱུ།

    གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཤུགས་རྒྱག་རྒྱུ་སྟེ། ཞིང་འབྲོག་ཁུལ་དར་རྒྱས་དང་། ཞིང་འབྲོག་ལས་གོང་འཕེལ། ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་བཅས་ཡོང་བ་བྱ་རྒྱུ་སྔོན་དུ་བཞག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་མ་ཟད། གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ། སོན་བཟང་དང་། ཞིང་བཟང་། ཐབས་བཟང་བཅས་ལ་བརྟེན་ནས་འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་། ཐོན་ལས་རིམ་སྤོར་ལ་བརྟེན་ནས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པར་བརྟེན་ནས་གོམས་སྲོལ་དང་དར་སྲོལ་གསར་པ་འཛུགས་པ། ཡུལ་སྲོལ་ཤེས་དཔལ་ལ་བརྟེན་ནས་གཙོ་རྒྱུན་གྱི་རིན་ཐང་མངོན་པ་བཅས་བྱ་རྒྱུ། འབྲུ་རིགས་ཀྱི་ཐོན་འབོར་ཏུན་ཁྲི་110མངོན་འགྱུར་ཡོང་བ་དང་། གནས་འཕྲོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་1000ཡན་བསྐྲུན་ཐུབ་པ་བྱ་རྒྱུ།

    གྲོང་ཁྱེར་དང་གྲོང་རྡལ་གོང་འཕེལ་གཏོང་རྒྱུར་ཤུགས་རྒྱག་རྒྱུ་སྟེ། “ལྟེ་གཅིག་སྐོར་གཅིག་རྒྱུད་གཉིས་ཁུལ་གསུམ”གྱི་གོང་འཕེལ་གྱི་རྣམ་པ་གསར་པར་དམིགས་པ་དང་། འགྲིམ་འགྲུལ་ཨ་མ་དང་། རོང་རྒྱུད། མཐའ་མཚམས་འཐབ་ས་དང་པོ་བཅས་མངོན་ཆེར་བཟུང་བ། ལྟེ་བའི་རྫོང་གྲོང་དང་འབྲེལ་ཚིགས་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོགས་གསབ་པ། གནས་སྒྱུར་ཞིང་འབྲོག་མང་ཚོགས་གྲོང་མིར་བསྒྱུར་བ་བཅས་བྱ་རྒྱུ། གོང་འཕེལ་གྱི་ཐོན་ཁུངས་གཅིག་སྡུད་དང་། གོང་འཕེལ་གྱི་མ་གནས་དམའ་གཏོང་། གོང་འཕེལ་གྱི་ནུས་ཕྱོད་ཆེར་གཏོང་བཅས་བྱས་ཏེ་ཁྱད་ལྡན་ཞིང་ལས་དང་། འབྲོག་ལས། རིག་གནས་ཡུལ་སྐོར་བཅས་ཀྱི་སྟོབས་ཆེའི་རྫོང་ཁག་གཅིག་བསྐྲུན་རྒྱུ་མ་ཟད། ལོ་རྒྱུས་ཀྱི་དྲན་ཤེས་ཟབ་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་བསྐྲུན་ཐུབ་པ་བྱ་རྒྱུ། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་40%ཡན་ཟིན་པ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ལོ་རེར་ཁག་སོ་སོར་ཆ་སྙོམས་8%དང་10%ཡན་འཕར་ཐུབ་པ་བྱ་རྒྱུ།

    —— “ལེགས་ཆ་གཉིས”འདོན་སྤེལ་བྱ་རྒྱུ། ཀྲུང་དབྱང་གིས་གནང་བའི་སྲིད་ཇུས་ཀྱི་ལེགས་ཆ་དང་བོད་ཀྱི་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆ་སྟངས་འཛིན་ནན་པོ་བྱས་ནས“སྲིད་ཇུས+ཐོན་ཁུངས”ཀྱི་ཐབས་བཟང་བེད་སྤྱོད་ཡག་པོ་དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ཁུངས་ལ་བརྟེན་ནས་རྣམ་གྲངས་ཡག་རིགས་ནང་འདྲེན་དང་ཐོན་ལས་ཡག་རིགས་སྐྱེད་སྲིང་བྱས་ཏེ་ལེགས་ཐོག་ལེགས་བརྩེགས་ཡོང་བ་བྱ་རྒྱུ།

    སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་སྟེ། ཁྲོན་བོད་ལྕགས་ལམ་སོགས་གལ་ཆེའི་རྣམ་གྲངས་ལ་དམིགས་ཏེ་འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ་སོགས་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། སྒྱུར་སྤྲོད་མ་དངུལ་དང་། ནོར་ཁྲལ་དངུལ་རྩ། ཁ་གཏད་རོགས་སྐྱོར། དམིགས་འཛུགས་རོགས་སྐྱོར་སོགས་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་བྱ་རྒྱུ་དང་། རིགས་ཁག་གི་ནོར་སྲིད་ཐོན་ལས་གོང་འཕེལ་གཏོང་རྒྱུའི་མ་དངུལ་བསྡུ་སྒྲིལ་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་རིགས་ཁག་གི་ཁྲོམ་རའི་བྱེད་པོས་སྲིད་ཇུས་ཀྱི་ཁེ་སྤོགས་མཉམ་སྤྱོད་གང་ལེགས་ཐུབ་པ་བྱ་རྒྱུ།

    ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་སྟེ། ཞིང་འབྲོག་དང་། ནུས་རྒྱུ། གཏེར་ཁ། རིག་གནས། ཡུལ་སྐོར་སོགས་ལེགས་ཆ་ཆེ་བའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱ་རྒྱུ་དང་། འགོ་ཁྲིད་ཀྱིས་གཙོ་གནད་ཐོན་ལས་འགན་འཁྲི་གཙང་ལེན་བྱེད་པའི་ལམ་ལུགས་འཛུགས་རྒྱུ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གང་མགྱོགས་གོང་འཕེལ་གཏོང་རྒྱུ་དང་སྤུས་རྟགས་བཏོད་དེ་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུ། “ལྗོངས་ཕྱིའི་ལག་རྩལ+ལྗོངས་ནང་ཁུལ་གྱི་ཁྲོམ་ར”དང“ལྗོངས་ཕྱིའི་ཁྲོམ་ར+ལྗོངས་ནང་ཁུལ་གྱི་ཐོན་ཁུངས”ཀྱི་ཐབས་ལམ་འཚོལ་ཞིབ་གང་ལེགས་བྱས་ཏེ་གཏེར་ཁ་དང་ནུས་རྒྱུ་སོགས་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་པའི་ཁྲོད་རྣམ་གྲངས་ཆེ་རིགས་དང་ཁེ་ལས་ཆེ་རིགས་བརྩོན་ལེན་བྱས་ནས་བཟོ་ལས་ཀྱི་འཕར་ཐང་ལོ་རེར་ཆ་སྙོམས་8%ཡན་འཕར་བ་བྱ་རྒྱུ།

    —— “གཏིང་ཤུགས་གཉིས”སྔོག་འདོན་བྱ་རྒྱུ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་འཐབ་ཇུས་ངེས་གནས་དང་གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གྱི་གོང་འཕེལ་འགྲོ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས་གོང་འཕེལ་གྱི་གཏིང་ཤུགས་དེ་ཉིད་གོང་འཕེལ་གྱི་སྒུལ་ཤུགས་སུ་འགྱུར་བར་བྱ་རྒྱུ།

    དྭངས་གཙང་ནུས་རྒྱུའི་གཏིང་ཤུགས་སྔོག་འདོན་བྱ་རྒྱུ་སྟེ། ཆུ་འོད་རླུང་དྲོད་བཞི་ཕན་ཚུན་གསབ་རེས་དང་ནུས་དྲ་ཐེག་གསོག་བཞི་གཅིག་སྡུད་གསར་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱིས་གཙོ་རྐང་བྱས་པའི་འབྱུང་འཕྲོད་ཐཱན་ཉུང་གི་གསར་དར་ཐོན་ལས་གང་མགྱོགས་གཉེར་རྒྱུ། ཐཱན་འདུས་ཚད་ཟམ་མི་ཆད་པར་ཤུགས་ཆེར་གཏོང་རྒྱུ་དང་ཐཱན་འདུས་ཀྱི་ཉོ་འཚོང་ལ་སྐུལ་འདེད་གཏོང་ཐབས་འཚོལ་ཞིབ་བྱས་ཏེ། ནུས་རྒྱུ་གཙང་མའི་ཕྱིར་འདྲེན་བྱེད་ཚད་ཆན་ཝ་ཁྲི་500ལས་བརྒལ་ཐུབ་པ་བྱ་རྒྱུ།

    གྲངས་འཛིན་དཔལ་འབྱོར་གྱི་གཏིང་ཤུགས་སྔོག་འདོན་བྱ་རྒྱུ་སྟེ། གནམ་གཤིས་དང་ཐོན་ཁུངས་སོགས་དགེ་མཚན་ལྡན་པའི་ཆ་རྐྱེན་ལ་བརྟེན་ནས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་སྤེལ་གང་མགྱོགས་བཏང་སྟེ“གསར་དྲུག”གྲངས་འཛིན་གྱི་ཡང་རྩེ་གཏོད་རྒྱུ། ལྷ་ས་རྒྱལ་ཁབ་རྩིས་ནུས་ཀྱི་ལྟེ་བའི་སྦྲེལ་ཚིགས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་འཕར་ཐང་སྒོར་དུང་ཕྱུར་320ལས་བརྒལ་ཐུབ་པ་བྱ་རྒྱུ། ལྷ་ས་དེ་ལྟེ་བའི་སྦྲེལ་ཚིགས་བྱས་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གྲངས་འཛིན་གྱི་གྲུ་ཁ་རཌ་ཙམ་ཆགས་པ་བྱ་རྒྱུ།

    —— “ཁྱད་ཆོས་གཉིས”སྟོབས་ཆེར་གཏོང་རྒྱུ། འཛམ་གླིང་ཡུལ་སྐོར་གྱི་དམིཌ་ས་གལ་ཆེན་གྱི་གོང་འཕེལ་ངེས་གནས་དང་། གངས་ལྗོངས་ས་མཐོའི་གནམ་སྔོན་ཆུ་དྭངས་དང་ས་གཙང་གི་རང་བྱུང་ལེཌ་ཆ་སྟངས་འཛིན་ནན་པོ་བྱ་རྒྱུ། ཁྱད་ལྡན་ཡུལ་སྐོར་དང་འབྱུང་འཕྲོད་སྐྱེ་ལྡན་ཞིང་ཕྱུཌ་ཐོན་རྫས་གསར་སྤེལ་གང་ལེགས་བྱས་ཏེ་ཁྱད་ཆོས་ཅན་དང་། རྩེ་གྲ་ཅན། སྤུས་རྟཌ་ཅན་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ།

    “ཡུལ་སྐོར+”སྟོབས་ཆེར་གཏོང་རྒྱུ་སྟེ། རྒྱལ་སྤྱིའི་ཚད་གཞི་དོན་གཉེར་བྱས་ནས་ཆད་སྐྱོན་དང་ཞན་ཆ་གསབ་པ་དང་། ཐོན་ལས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། དེ་བཞིན་ས་མཐོའི་ལྟ་སྐོར་དང་། སྐྱེ་ཁམས་ཀྱི་ལུས་གསོ། སྤྲོ་གསེང་། མཐའ་མཚམས་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར། རིག་གནས་ཡུལ་སྐོར། གསར་བརྗེའི་ཡུལ་སྐོར་སོགས་མཉམ་དུ་གོང་འཕེལ་གཏོང་རྒྱུ་མ་ཟད། “ཟ་སྡོད་འགྲོ་མྱུལ་ཉོ་རོལ”གྱི་སྤུས་ཚད་ལེགས་སུ་གཏོང་རྒྱུ། “ཞིང་ཚོང་རིག་ལུས་གསོ་སྦྱོང”བཅས་མཉམ་འདྲེས་ཟབ་མོ་ཡོང་བ་བྱ་རྒྱུ། ཁུལ་ཁོངས་ཧྲིལ་པོའི་གསར་སྤེལ་དང་། དུས་ཚིགས་ཧྲིལ་པོའི་གཏིང་ཤུགས་སྔོག་འདོན། རྒྱུན་འཁོར་ཧྲིལ་པོའི་མཉམ་ལས་བཅས་བྱས་ཏེ་ཡུལ་སྐོར་ཡོང་འབབ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ།

    “འབྱུང་འཕྲོད+”སྟོབས་ཆེར་གཏོང་རྒྱུ་སྟེ། ཆུང་ལ་སྤུས་ཀ་དག་པ་དང་ཉུང་ལ་ལེགས་པ་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་། ཀྲུང་ལུགས་དང་བོད་སྨན། ནགས་ཁྲོད་དཔལ་འབྱོར་སོགས་འབྱུང་འཕྲོད་ཐོན་ལས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། ས་མཐོའི་དྭངས་གཙང་གི་ཆུ་འགོ་དང་། མཁའ་རླུང་། ས་རྒྱུ་བཅས་ཀྱི་ཟུར་སྣོན་རིན་ཐང་དེ་བས་མཐོ་བ་དང་འགྲན་རྩོད་དེ་བས་ཆེ་བར་འགྱུར་བར་བྱ་རྒྱུ།

    —— “འདེད་སྐུལ་གཉིས”ཤུགས་ཆེར་གཏོང་རྒྱུ། སྒྱུར་བཅོས་ནི་གོང་འཕེལ་གྱི་རྩ་བའི་སྒུལ་ཤུགས་ཡིན་པ་དང་། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་སྟངས་འཛིན་ནན་པོ་བྱས་ནས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་རྒྱུ།

    སྒྱུར་བཅོས་ཀྱི་འདེད་སྐུལ་ཤུགས་ཆེར་གཏོང་རྒྱུ་སྟེ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ཏེ་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་ནུས་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། གཙོ་རྒྱུ་དང་ཐོན་ཁུངས་ཀྱི་ཁྲོམ་ར་གཉེར་རྒྱུ་དང་ཚགས་ཚུད་དུ་གཏོང་རྒྱུ། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི“དབང་གསུམ་ལོགས་འཛུགས”ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་བརྟན་པོ་གཏོང་རྒྱུ་དང་འཛད་སྤྲོད་ཁང་ལ་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ། གཞུང་ཁོངས་དཔལ་འབྱོར་གྱི་ཁྱབ་བཀོད་ལེགས་སུ་གཏོང་རྒྱུ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པར་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུ། ཞིང་ཆེན་རིམ་པ་མན་གྱི་ནོར་སྲིད་སྒྲིག་སྲོལ་ལ་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། “གློད་སྡོམ་ཞབས”གསུམ་ལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གང་ཐུབ་གཏོད་རྒྱུ།

    གསར་གཏོད་ཀྱི་འདེད་སྐུལ་ཤུགས་ཆེར་གཏོང་རྒྱུ་སྟེ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གོང་འཕེལ་གཏོང་སྟངས་གཅིག་གྱུར་འཆར་འགོད་བཟོ་རྒྱུ། འགན་འབབ་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་གོང་འཕེལ་གཏོང་རྒྱུ་དང་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་སྤེལ་གཏོང་རྒྱུ། ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་དང་མཐོ་རིམ་སློབ་གསོ་དར་སྤེལ་བྱ་སྤྱོད་སྤེལ་རྒྱུ། རྒྱུན་མཐུད་སློབ་གསོ་གོང་འཕེལ་གང་མགྱོགས་གཏོང་རྒྱུ་དང་དམིགས་བསལ་སློབ་གསོ་ཡག་པོ་གཉེར་རྒྱུ། ཁེ་ལས་ཀྱིས་གཙོ་རྐང་བྱས་པའི་ལག་རྩལ་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ས་མཐོའི་སྤྱོད་གོ་ཆོད་པའི་འགག་རྩའི་ལག་རྩལ་འགག་སྒྲོལ་ཐུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་དང་ཚན་རིག་ཆེ་མོའི་སྒྲིག་བཀོད་བོད་དུ་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། “སྐྱོང་ཁྲིད་སྤྱོད་ཉར”བཞི་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཤེས་ལྡན་པའི་འདེགས་སྐྱོར་ཟམ་མི་ཆད་པར་ཤུགས་ཆེར་གཏོང་རྒྱུ།

    —— “སྒོ་མོ་གཉིས”རྒྱ་ཆེར་འབྱེད་རྒྱུ། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པའི་བླང་བྱ་སྟངས་འཛིན་ནན་པོ་བྱས་ནས་ནུས་ཤུགས་ཡོད་རྒུས“རྒྱུན་འཁོར་གཉིས”ནང་ཞུགས་རྒྱུ་མ་ཟད། རྒྱ་ཁྱབ་ངང་སྤེལ་རེས་དང་མཉམ་ལས་བྱེད་པའི་ཁྲོད་མཉམ་དུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།

    ནང་ཁུལ་གྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་སྟེ། ཁྲོན་བོད་དང་། མཚོ་བོད། ཡུན་བོད། ཤིན་བོད་བཅས་ཀྱི་བགྲོད་ལམ་ཆེ་མོར་བརྟེན་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་སོགས་ཀྱི་དཔལ་འབྱོར་ཁུལ་ནང་ཧུར་ཐག་ཞུགས་ཏེ་འཇུར་མིག་འགོག་རྐྱེན་སེལ་བ་དང་། ཐོན་ལས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། གཙོ་རྒྱུ་འཁོར་སྐྱོད་ཡག་པོ་ཐུབ་པ་བཅས་བྱ་རྒྱུ་མ་ཟད། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོའི་ནང་གང་ཐུབ་ཞུགས་རྒྱུ། བློ་རྒྱ་ཡངས་པོས་ནང་སའི་མི་རིགས་ཁག་གི་མང་ཚོགས་བོད་དུ་ཡུལ་སྐོར་དང་། ལས་སྒྲུབ། ཚོང་གཉེར། ལས་གཏོད་བཅས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུས་ཏེ་ལོ་ལྟར་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་500ཡན་བརྩོན་ལེན་ཐུབ་པ་བྱ་རྒྱུ།

    ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་སྟེ། རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་དང་འབྲེལ་མཐུད་གང་མགྱོགས་བྱ་རྒྱུ་དང་། ཚད་གཞི་མཐོ་བའི་མཐའ་མཚམས་འགག་སྒོ་འཛུགས་སྐྲུན་བྱས་ཏེ་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། ཧི་མ་ལ་ཡའི་སྐོར་རྒྱུད་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་རྒྱུའི་ནང་ཧུར་ཐག་ཞུགས་རྒྱུ་དང་། རང་མོས་ཚོང་དོན་གྱི་ཚོད་ལྟའི་ཁུལ་རེ་ཞུ་ཧུར་ཐག་བྱ་རྒྱུ། རྒྱལ་སྤྱིའི་རྒྱུན་འཁོར་ནང་གང་མགྱོགས་ཞུགས་ནས་ཕྱི་ཕྱོགས་ཚོང་དོན་གྱི་སྤྱི་འབོར་འཕར་སྣོན་བརྟན་པོ་ཡོང་བ་བྱ་རྒྱུ།

    —— “སྲུང་བཅད་གཉིས”བརྟན་དུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་གལ་ཆེའི་འགན་འཁྲི་སྟངས་འཛིན་ནན་པོ་བྱས་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དང་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ལ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ།

    རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ་སྟེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་བ། མཐའ་མཚམས་ཀྱི་མི་འབོར་དང་། སྤྱི་པའི་ཞབས་ཞུ། ཁྱད་ལྡན་ཐོན་ལས། འགག་སྒོའི་སྒོ་དབྱེ་སོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱ་རྒྱུ། མཐའ་མཚམས་དར་རྒྱས་ལ་བརྟེན་ནས་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མི་སེར་བདེ་སྐྱིད་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་མཐའ་ཚད་ཡག་པོ་སྲུང་བ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཀྱི་ལས་གཞི་གལ་ཆེན་ལག་ལེན་བསྟར་བ། སྐྱེ་ཁམས་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དམིགས་བསལ་སྐྱེ་ཁམས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། སྐྱེ་ཁམས་ཀྱི་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་བ་བཅས་ཀྱི་གོང་འཕེལ་གྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་720གསར་སྣོན་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པའི་འགན་ལེན་བྱ་རྒྱུ།

    འཐུས་མི་རྣམ་པ། སླད་ཕྱིན་ལོ་ལྔའི་རིང་གི་ལས་དོན་ཡག་པོ་སྒྲུབ་པར། ཐོག་མཐའ་བར་གསུམ་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་སློབ་སྦྱོང་དང་། གོ་བ་ལེན་པ། དངོས་སུ་སྒྲུབ་པ་བཅས་བྱས་ནས་ལྷག་བསམ་རྣམ་དག་གིས“གཏན་འཁེལ་གཉིས”སྲུང་སྐྱོབ་དང་བློ་བརྟན་འགྱུར་མེད་ཀྱིས“སྲུང་སྐྱོང་གཉིས”ཐུབ་པ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། ཐོག་མཐའ་བར་གསུམ་དུ“དོན་ཆེན་བཞི”དང“འཛུགས་གཏོད་བཞི”སྤྱི་འདོམས་སུ་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་གཞི་མཐའ་འཁྱོངས་དང་ཐུན་མོང་འབྱོར་ཕྱུག་ཡོང་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་ལག་བསྟར་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་ལེགས་གཏོང་། སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་གཏོང་། གཡོ་འགུལ་སྤུ་ཙམ་མེད་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན། དེ་བཞིན་བརྟན་ལྷིང་སྲུང་སྐྱོང་དང་། གོང་འཕེལ་ཆེར་གཏོང་། ཞི་མཐུན་སྐུལ་འདེད་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་མ་ཟད། སྔར་བས་འགན་སྲུང་དང་། སྔར་བས་རྒྱུན་སྲིང་ཐུབ་པ་བྱེད་དགོས།


    གསུམ། 2023ལོའི་གཙོ་གནད་ལས་ཀའི་གྲོས་འཆར།

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། འདི་ལོའི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐར་ཕྱིན་བྱ་རྒྱུ་མ་ཟད། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བཅས་བྱས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་དགོས། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམ་པོར་དམིགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྤྱི་འདོམས་ཡག་པོ་བྱེད་པ་དང་། གོང་འཕེལ་དང་བདེ་འཇགས་ལ་སྔར་བས་སྤྱི་འདོམས་ཡག་པོ་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པ། ཁྲོམ་རའི་གདེང་ཚོད་ཆེ་རུ་གཏོང་བ། ཡོང་འཕར་བརྟན་པོ་དང་ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བ་བྱེད་དགོས། གསོག་ཐེབས་ཕན་སྒྱུར་དང་། འཕར་འབོར་ནང་འདྲེན། སྤུས་ཚད་ལེགས་གཏོང་། སྤྱི་འབོར་མང་གཏོང་། ཚབས་ཆེའི་ཉེན་ཁ་འགོག་སེལ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

    འདི་ལོའི་ལས་དོན་གྱི་གཙོ་བོའི་སྔོན་དཔག་དམིགས་ཚད་ནི། ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་8%ཡས་མས་འཕར་བ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་8%དང་10%ཡས་མས་འཕར་བ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ཡས་མས་སུ་ཚོད་འཛིན་ཐུབ་པ་བྱ་རྒྱུ་བཅས་ཡིན།

    ཕྱོགས་བསྡུས་དབྱེ་ཞིབ་བྱས་ཚེ། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་སྔར་བཞིན་དཀའ་སེལ་འགག་སྒྲོལ་གྱི་འགག་རྩའི་དུས་མཚམས་སུ་གནས་པ་དང་། ཁྲོམ་རའི་བྱེད་པོའི་སྔོན་དཔག་བརྟན་པོ་མེད་པ། དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་ཆེ་བ། དཀའ་ངལ་དང་འགྲན་སློང་མངོན་གསལ་དོད་པོས་མང་དུ་སོང་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐའ་ཚད་ཀྱི་བསམ་གཞི་བརྟན་པོ་བཙུགས་ཏེ་སྤྱི་ཚོགས་ཡོངས་ཀྱི་ལས་བརྩོན་གསར་གཏོད་ཀྱི་གསོན་ཤུགས་སྔར་བས་འཕེལ་ཐུབ་པ་བྱེད་དགོས། གཙོ་གནད་དུ་གཤམ་གསལ་ཕྱོགས་དགུའི་ཐད་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།

    (གཅིག)བདེ་འཇགས་མཐུན་སྒྲིལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ།

    མི་རིགས་མཐུན་སྒྲིལ་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དེ་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་བང་རིམ་དེ་བས་ཟབ་པར་རྒྱ་སྐྱེད་གཏོང་རྒྱུ་དང་། སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

    ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ་སྟེ། “ཕན་ཡོད་ལྔའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་ཏན་ཏིག་སྤེལ་རྒྱུ་དང་དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། དགོན་སྡེའི་ནོར་ཁྲལ་ལ་ལྟ་སྡོམ་བྱ་རྒྱུ་ཕྱོགས་ཡོངས་ལ་ཁྱབ་པ་བྱ་རྒྱུ།

    དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སྟེ། སིམ་འཛུལ་དང་ཁ་ཕྲལ་གཏོར་བཤིག་གི་བྱ་སྤྱོད་རིགས་ལ་དོགས་ཟོན་ཆེར་སྐྱེད་དང་ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། རྒྱུན་རྣམ་ཅན་བཞིན་ནག་སེལ་གཤེད་བཅོམ་ལ་སྐུལ་སྤེལ་བཏང་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་མ་ཟད། འགལ་ཟླ་དང་རྩོད་གཞིའི་རིགས་ལེབ་བཤེར་དང་གཙང་སེལ་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་རིགས་སྔོན་འགོག་དང་། རིགས་ཁག་གི་གནོད་འཚེའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གཙང་སེལ། བཟའ་བཅའ་དང་སྨན་རྫས་ལྟ་སྡོམ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་བ་བྱ་རྒྱུ།

    (གཉིས)“བརྟན་གསུམ”གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་སྤྱི་ཡོངས་དཔལ་འབྱོར་གང་མགྱོགས་ལེགས་སུ་གཏོང་རྒྱུ།

    དུས་རིམ་གསར་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་སྟེ། སྨན་བཅོས་སྲོག་སྐྱོབ་ཀྱི་ནུས་པ་གང་མགྱོགས་ཆེ་རུ་གཏོང་རྒྱུ་དང་། མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་འགན་སྲུང་གང་ཐུབ་བྱས་ནས་གཙོ་གནད་དུ་རྒན་རྒོན་དང་། བྱིས་པ། རྨང་གཞིའི་རང་བཞིན་གྱི་ནད་གཞི་ཕོག་མཁན་མི་ཚོགས་བཅས་ལ་སྔོན་འགོག་ཚོད་འཛིན་ཡག་པོ་བྱ་རྒྱུ། བདེ་ཐང་འགན་ལེན་དང་། ཚབས་ཆེའི་ནད་གཞི་སྔོན་འགོག ནད་ཀྱིས་རྐྱེན་པས་འཆི་མཁན་ཉུང་གཏོང་བཅས་ལ་ཤུགས་བརྒྱབ་ནས་ཁྱབ་ཆེའི་ནད་ཡམས་ཀྱི་དུས་མཚམས་ལས་བདེ་བླག་ངང་གྲོལ་ཐུབ་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ།

    ཐབས་བརྒྱ་ཇུས་སྟོང་གིས་འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བ་བྱ་རྒྱུ་སྟེ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱ་རྒྱུ་མ་ཟད། “དོན་ཚན་38”དང“དོན་ཚན་29”མུ་མཐུད་ལག་བསྟར་བྱ་རྒྱུ། ཁྲལ་རིན་གཉིས་གཅོག་དང་། ཁང་གླ་ཆག་ཡང་དང་རྩ་ཆག དངུལ་བུན་ནར་འགྱངས། ཁེ་སྐྱོར་ལས་བརྟན། མཁོ་སྤྲོད་འགན་ལེན། རིན་གོང་བརྟན་པོ། དཀའ་སེལ་རྒུད་སྐྱོབ་སོགས་ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་སེམས་ཁམས་ཀྱི་སྔོན་དཔག་ལེགས་བཅོས་དང་གོང་འཕེལ་གྱི་གདེང་སྤོབས་ཆེ་རུ་གཏོང་རྒྱུ། ལས་ཞུགས་སྔོན་འཇོག་གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་གཞོན་ནུ་ལོ་ཆུང་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པ་བྱ་རྒྱུ་དེ་དམིགས་བསལ་གྱི་གནས་བབ་ཐོག་འཇོག་རྒྱུར་སྐུལ་འདེད་གཏོང་རྒྱུ། འབྲུ་སྣུམ་དང་། སྔོ་ཚལ། སྒོ་ང་། དཀར་ཆུ་བཅས་དང་། དེ་བཞིན་དམའ་རིམ་ཚོང་ཟོག་གང་མང་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བ་བྱ་རྒྱུ། ཚོང་ཟོག་གཙོ་བོ་འདྲེན་གཏོང་དང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་རྒྱུ་དང་། ཁྲིམས་འཛིན་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་ཟོག་གོང་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ།

    ཁྲོམ་རའི་བྱེད་པོ་ནི་དཔལ་འབྱོར་གོང་འཕེལ་གྱི་མཉེན་ཤུགས་དང་། གཏིང་ཤུགས། གདིང་གཞི་བཅས་ཀྱི་གནས་ས་ཡིན་པས། ང་ཚོས་བློ་གཅིག་སེམས་གཅིག་གིས་ཁོང་ཚོའི་དཀའ་ངལ་དང་སེམས་ཁྲལ་སེལ་རོགས་བྱས་ཏེ་འབྱུང་འགྱུར་གསར་གཏོད་བྱེད་དགོས།

    (གསུམ)མ་འཇོག་དང་འཛད་སྤྱོད་ལ་དམ་འཛིན་ནན་པོ་བྱས་ཏེ་གོང་འཕེལ་གྱི་སྒུལ་ཤུགས་ཆེ་རུ་ཏན་ཏིག་གཏོང་རྒྱུ།

    མ་འཇོག་ནུས་ལྡན་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ་སྟེ། “མ་འཇོག་དོན་འཁྱོལ་ལོར་དམ་འཛིན་ནན་པོ་བྱེད་པའི”བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་མ་ཟད། འགོ་ཁྲིད་ཀྱིས་འགན་འཁྲི་གཙང་ལེན་དང་། ཆེད་སྒྲུབ་ཚན་ཁག་གིས་ཞབས་ཞུ་གཙང་སྒྲུབ། གསལ་ཐོ་ཅན་གྱི་བཀོད་གཏོང་སོགས་ཀྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་སྤེལ་བཏང་ནས་གཙོ་གནད་རྣམ་གྲངས་རིགས་ལ་མཉམ་དུ་ཞིབ་མཆན་འགོད་པ་དང་ཆད་རུང་བའི་ཞིབ་མཆན་འགོད་པའི་ལམ་ལུགས་བཟོ་རྒྱུ། སྔོན་གྲབས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་གཙོ་རྒྱུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”བོད་སྐྱོར་རྣམ་གྲངས་151ལག་བསྟར་གང་མགྱོགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་སོགས་དུས་རབས་ཀྱི་ལས་གྲྭའི་ཞབས་ཞུར་འགན་སྲུང་བྱ་རྒྱུ། ལྷ་གཞིས་རིམ་མཐོའི་གཞུང་ལམ་དང་། སེང་གེ་ཁ་འབབ་གྲོང་རྡལ་ནས་དགུན་ས་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ། མཚོ་བོད་ལྕགས་ལམ་གོར་ལྷའི་དུམ་མཚམས་གློག་རླངས་ཅན་དུ་སྒྱུར་བཀོད། ལྕེ་ཤོད་ཆུ་ཤུགས་གློག་ཁང་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་བྱས་ནས་ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་མ་དངུལ་13%ཡས་མས་འཕར་བ་བྱ་རྒྱུ། “ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད”མུ་མཐུད་སྤེལ་རྒྱུ་དང་། བོད་ལྗོངས་འགྲེམས་ཚོགས་སོགས་རིགས་ཁག་གི་གཞི་རྟེན་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་གང་ཐུབ་བྱས་ཏེ་མ་དངུལ་དེ་བས་མང་བ་བོད་ལྗོངས་སུ་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

    འཛད་སྤྱོད་ཁ་གསབ་ལ་སྐུལ་འདེད་གང་མགྱོཌ་གཏོང་རྒྱུ་སྟེ། འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་དང་འཛད་སྤྱོད་ཀྱི་ཆེད་སྤྱོད་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་ནས་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་སྤྱོད་ཆེ་གྲས་བརྟན་འཁྱོངས་ཡོང་བ་བྱ་རྒྱུ། རྒན་གསོ་དང་། བུ་བཅོལ། ཁྱིམ་ལས། སྡེ་ལས་སོགས་ཞབས་ཞུའི་འཛད་སྤྱོད་གོང་འཕེལ་གང་མགྱོགས་གཏོང་རྒྱུ། སྡོད་ཁང་ལེགས་བཅོས་དང་། སློབ་གསོ་སྨན་བཅོས། རིག་གནས་ལུས་རྩལ་སོགས་ཀྱི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ། བོད་ཀྱི“བྲོ་ལྡན་ཞིམ་ཟས”ཀྱི་ཁྲོམ་གཞུང་སོགས་འཛད་སྤྱོད་རྣམ་པ་ཁྱབ་སྤེལ་གཏོང་རྒྱུ་མ་ཟད། གུང་གསེང་དཔལ་འབྱོར་དང་། མཚན་མོའི་དཔལ་འབྱོར། ཁྲོམ་བཀྱག་དཔལ་འབྱོར་བཅས་གོང་འཕེལ་གཏོང་རྒྱུ། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་བྱེད་སྟངས་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། རྫོང་ཁོངས་ཚོང་ལས་དང་དངོས་ཟོག་གཏོང་འགྲེམས་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་སྲིད་ཇུས་དོན་འཁྱོལ་བྱས་ནས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་དངུལ་འབོར་10%ཡས་མས་འཕར་ཐུབ་པའི་བརྩོན་ལེན་བྱས་ནས་འཛད་སྤྱོད་གང་མགྱོགས་སླར་གསོ་ཡོང་བ་དང་མཁོ་འདོན་གཉིས་ཀ་འཁྲུག་ཆ་དོད་དུ་གཏོང་རྒྱུ།

    ང་ཚོས་རྒྱལ་ཁབ་ཀྱིས་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་གོ་སྐབས་གལ་ཆེན་དམ་འཛིན་དང་། བོད་ཀྱི་ལྗོངས་བབ་ཀྱི་་ཁྱད་ཆོས་དང་གོང་འཕེལ་གྱི་དོན་དངོས་ལ་གཞིགས་ཏེ་མ་འཇོག་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་གཉིས་ལ་སྤྱི་འདོམས་ཡག་པོ་བྱས་ནས་དཔལ་འབྱོར་སྤུས་ཚད་ནུས་ལྡན་ངང་མཐོ་རུ་འགྲོ་བ་དང་དཔལ་འབྱོར་གྱི་འབོར་ཚད་གང་མགྱོགས་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས།

    (བཞི)ཐོན་ལས་གོང་འཕེལ་གཏོང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་སྤུས་འབྲས་ལེགས་གཏོང་དང་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུ།

    ཐོན་ལས་དང་པོ་མུ་མཐུད་ལེགས་སུ་གཏོང་རྒྱུ་སྟེ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ནས་དང་། འབྲི་གཡག གཟན་རྩྭ་སོགས་དེང་རབས་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་འཛུགས་པའི་ཚོད་ལྟ་བྱེད་འགོ་འཛུགས་རྒྱུ། ཕྱུགས་རྩྭ་སྔོ་སྒྱུར་དང་རྩྭ་ར་བསྙལ་བར་སྐྱིན་གསབ་སྤྲོད་པའི་ཚོད་ལྟ་བྱེད་རྒྱུ། སོན་བཟང་ཁྱབ་གདལ་གང་མགྱོགས་བཏང་ནས་འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བར་བྱ་རྒྱུ་དང་། འབྲུ་རིགས་བདེ་འཇགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་བཟོ་རྒྱུ་དང་གོང་འཕེལ་གཏོང་རྒྱུ། ནས་དང་། འབྲི་གཡག བོད་ལུག བོད་ཕག བོད་བྱ། བོད་སྨན་གྱི་སྨན་རྩྭ་སོགས་དམིགས་བསལ་ཐོན་ཁུངས་ལ་དམིགས་ཏེ། ཞིང་འབྲེལ་ཐོན་ལས་སྡེ་གླིང་ལ་བརྟེན་ནས་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་མ་ཟད། བཀྲག་ཆེ་བའི་དཔེ་སྟོན་ཁག་གཅིག་གཏོད་རྒྱུ་དང་། “རིག་ནུས་ཞིང་འབྲོག་ལས”ཀྱི་ཚོད་ལྟ་ཁག་གཅིག་བྱེད་རྒྱུ། འབྱུང་འཕྲོད་སྐྱེ་ལྡན་གྱི་དཔང་འདོན་ཐོན་སྐྱེད་རྟེན་གཞི་དང་ལེ་ལག་ཚང་སྒྲིག་གི་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ནས་ཉོ་ཚོང་བྱེད་པའི་ལས་སྟེགས་ཁག་གཅིག་བསྐྲུན་ནས་གྲངས་འབོར་ཉུང་ལ་སྤུས་ཀ་ལེགས་པ་དང་། རྩེར་སོན་ཡིན་ལ་མངགས་ཐོ་ཅན་གྱི་ལམ་བུ་གསར་པ་ཞིག་བཏོད་དེ། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་75ཡན་ཟིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

    ཐོན་ལས་གཉིས་པ་མུ་མཐུད་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་སྟེ། བཟོ་ལས་སྣེ་འདྲེན་ཁེ་ལས་ཀྱི་མ་རྩ་འགུག་ཐབས་དང་སྐྱེད་སྲིང་ལས་གྲྭ་ལག་བསྟར་བྱས་ནས་དྭངས་གཙང་ནུས་རྒྱུ་དང་། ལེགས་ཆ་ཆེ་བའི་གཏེར་ཁ། ས་མཐོའི་ཡང་བའི་བཟོ་ལས། འབྱུང་འཕྲོད་ཨར་ལས་རྒྱུ་ཆ། སྤྱི་སྤྱོད་མཁའ་འགྲུལ། དེ་བཞིན་རང་བྱུང་འཐུང་ཆུ་སོགས་ཀྱི་ཁྱབ་ཁོངས་ནང་སྒོར་དུང་ཕྱུར་རིམ་པ་དང་། སྒོར་དུང་ཕྱུར་བཅུ་རིམ་པ། སྒོར་དུང་ཕྱུར་བརྒྱ་རིམ་པ་བཅས་ཀྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་གང་མགྱོགས་སྐྱེད་སྲིང་བྱ་རྒྱུ། ཀྲུང་ལུགས་དང་བོད་སྨན། མི་རིགས་ལག་ཤེས་བཟོ་ལས་སོགས་ཀྱི་ཐོན་ལས་མནའ་འབྲེལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་10%ཡན་འཕར་བ་བྱ་རྒྱུ།

    ཐོན་ལས་གསུམ་པ་མུ་མཐུད་མཐོར་འདེགས་བྱ་རྒྱུ་སྟེ། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་ལེགས་གཏོང་བྱ་སྤྱོད་ལག་བསྟར་བྱ་རྒྱུ་དང་། སའི་གོ་ལའི་གླིང་སྣེ་གསུམ་པའི་ཁུལ་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། G318རྒྱུད་ཀྱི་མི་ཆོས་རིག་གནས་མཛེས་ལྗོངས་ཡུལ་སྐོར་དང་། G219རྒྱུད་ཀྱི་མི་རིགས་གོམས་སྲོལ་ཡུལ་སྐོར། G349རྒྱུད་ཀྱི་གསར་བརྗེའི་ཡུལ་སྐོར། དེ་བཞིན་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་ལྷོ་ཨེ་ཤེ་ཡའི་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཏོད་རྒྱུ། “གནམ་མཚོའི་ཡུལ་སྐོར”དང“བོད་ལུགས་གསོ་རིག་གི་ལུས་བདེ་ཤ་བྲི”སོགས་ཁྱད་ལྡན་ཐོན་རྫས་སྟོབས་ཆེར་བཏང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་ཁག་སོ་སོར་30%དང་25%ཡན་འཕར་ཐུབ་པ་བྱ་རྒྱུ། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་15%ཡན་དང་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་10%ཡན་འཕར་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

    (ལྔ)གྲོང་ཁྱེར་དང་གྲོང་གསེབ་མཉམ་སྤེལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།

    གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་ལ་སྤྱི་འདོམས་བྱ་རྒྱུ་སྟེ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ནས་ལེ་ལག་ཚང་སྒྲིག་གི་སྡོད་ཁང་ཁྲི་2ལྷག་ཙམ་རྒྱག་རྒྱུ་དང་། ལྷ་ས་དང་གཞིས་རྩེ་སོགས་ཀྱི་གྲོང་ཁུལ་རྙིང་པར་སྲུང་སྐྱོབ་དང་ཁུལ་ཆུང་རྙིང་པའི་རིགས་སྒྱུར་བཀོད་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་38%ཡན་ཟིན་པ་བྱ་རྒྱུ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུའི་ཐད་ཤུགས་གང་ཡོད་རྒྱག་པ་དང་ཐབས་ཤེས་གང་ཡོད་འདོན་རྒྱུ་མ་ཟད། རྗེས་མཐུད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ། གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ཤང་13དང་དཔེ་སྟོན་གྲོང་ཚོ་107བསྐྲུན་རྒྱུ། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་ཞིང་འབྲོག་མང་ཚོགས་ཀྱིས་སྲོལ་བཟང་འཛུགས་པའི་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་གང་མགྱོགས་བཏང་ནས་དུད་ཚང་ཁྲི་6ཡན་གྱི་མི་ཕྱུགས་སྡོད་ས་ལོགས་སུ་དབྱེ་རྒྱུ་དང་། གནས་འཕྲོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་220ཡན་བསྐྲུན་རྒྱུ།

    ཁུལ་ཁོངས་གོང་འཕེལ་ལ་སྤྱི་འདོམས་བྱ་རྒྱུ་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་བཟོ་སྒྲིག་དང“གྲོང་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ”འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་མ་ཟད། རིགས་མི་འདྲ་བའི་གླིང་ཁུལ་གོང་འཕེལ་ལ་སྤྱི་འདོམས་བྱས་ནས་ཁུལ་ཁོངས་ཉེ་འབྲེལ་དང་ཐོན་ལས་འབྲེལ་མཐུད་ཀྱི་གླིང་ཁུལ་གྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱས་ནས་ས་གྲོལ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། ཁེ་ལས་གླིང་ཁུལ་ནང་ཞུགས་པ་དང་། གཙོ་རྒྱུ་གླིང་ཁུལ་ནང་འཇོག་པ། ཞབས་ཞུ་གླིང་ཁུལ་ནང་སྒྲུབ་པ། རྫོང་རེར་གླིང་ཁུལ་རེ་ཡོད་པ་བཅས་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ནས་ལྷ་སའི་མཐོ་གསར་ཁུལ་དང་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སྣེ་ཁྲིད་བྱས་པའི་ཁྱད་ལྡན་ཐོན་ལས་ཀྱི་གླིང་ཁུལ་མཉམ་དུ་གོང་འཕེལ་གཏོང་རྒྱུའི་ཚོ་འདུས་ཤིག་ཆགས་པར་བྱ་རྒྱུ་མ་ཟད། གླིང་ཁུལ་དཔལ་འབྱོར་གྱི་སྤྱིའི་ཐོན་རྫས་རིན་ཐང་10%ཡན་འཕར་བ་བྱ་རྒྱུ།

    (དྲུག)སྒྱུར་བཅོས་སྒོ་དབྱེར་དམ་འཛིན་ནན་པོ་བྱས་ཏེ་ནང་སྐྱེས་སྒུལ་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ།

    ཚོང་གཉེར་ཁོར་ཡུག་གང་མགྱོགས་ལེགས་སུ་གཏོང་རྒྱུ་སྟེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་འདོན་རྒྱུ་དང་། བཟོ་ལས་ཐད་སྤྱོད་པའི་ས་ཆ་རྩིས་ལེན་ཞོར་ལག་ཁྱེར་སྤྲོད་པ་དང་། ས་ཆ་བེད་སྤྱོད་ཞོར་ལས་འགོ་འཛུགས་པའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ། ལས་གཉེར་ལག་ཁྱེར་ལ་རིག་ནུས་ཐོག་ནས་ཞིབ་མཆན་འགོད་རྒྱུར་སྐུལ་མ་བཏང་སྟེ་འཕྲལ་མར་སྒྲུབ་གཉེར་དང་འཕྲལ་མར་ལེན་ཐུབ་པར་བྱ་རྒྱུ། མཆན་འགོད་རྣམ་གྲངས་མེད་པར་བཟོ་བ་དང་གཤམ་སྤྲོད་བྱེད་སྐབས་མཉམ་དུ་ལྟ་སྡོམ་བྱེད་པའི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་བྱ་རྒྱུ། གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་འཐུས་སྒོ་ཚང་དུ་བཏང་སྟེ་རྣམ་གྲངས་དེ་བས་མང་བ་དྲ་ཐོག་དང་སྦར་མཐིལ་ནས་གཉེར་ཐུབ་པར་བྱ་རྒྱུ། 《སྒེར་གཉེར་བཟོ་ཚོང་དུད་ཚང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྲོལ་ཡིག》དང《ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུའི་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་བསྟར་བྱས་ནས་ཁྲལ་རིན་གཉིས་གཅོག་དང་དཔྱ་ཁྲལ་ཕྱིར་སློག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཤར་གཏོང་གི་ལམ་སྲོལ་བཙུགས་ནས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཡིད་རྟོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་གཉེར་དཔལ་འབྱོར་གོང་འཕེལ་དང་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་མ་གཏོང་རྒྱུ། ས་ཆ་བརྒྱུད་བཤུག་བྱེད་པའི་མཛུབ་ཁྲིད་བསམ་འཆར་ཞིབ་འཇུག་བྱས་ནས་འདོན་རྒྱུ། ཡིད་རྟོན་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་གཞུང་དྲང་ཤེས་དཔལ་ཐོག་ནས་ཁྲིམས་སྒྱུར་བྱས་ཏེ་ཁེ་ལས་ཀྱིས་རྒྱུན་གཏན་ཐོན་སྐྱེད་གཉེར་སྐྱོང་བྱེད་པར་ཐེ་ཇུས་བྱེད་རིགས་བཀག་འགོག་བྱ་རྒྱུ། ཁེ་ལས་མཁས་ཅན་གྱི་སྔོན་དཔག་དང་ཆོད་སེམས་བརྟན་དུ་བཏང་ནས་ཁྲོམ་རའི་བྱེད་པོ་6.5%ཡན་འཕར་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

    སྒྱུར་བཅོས་གསར་གཏོད་ལ་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུ་སྟེ། སྔོན་རྩིས་ཀྱི་ལས་རྗེས་དོ་དམ་ལ་སྒྱུར་བཅོས་གཏིང་ཟབ་བཏང་ནས་སྔོན་རྩིས་ཀྱི་གཅུན་ནུས་དང་གསལ་ནུས་ཆེ་རུ་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་བརྟན་པོ་གཏོང་རྒྱུ་དང་། གཞུང་ཁོངས་ཁེ་ལས་ཀྱི་ལོ་གསུམ་སྒྱུར་བཅོས་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ། གྲབས་གསོག་བདེ་འཇགས་ཀྱི་སྒྲིག་སྲོལ་ལམ་སྲོལ་ལ་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱིས་ཐད་ཀར་དོ་དམ་བྱེད་པའི་རྫོང་ནོར་སྲིད་ཀྱི་སྒྲིག་སྲོལ་ལ་སྒྱུར་བཅོས་བྱེད་པའི་ཚོད་ལྟ་བྱ་རྒྱུ། གཏེར་ཁའི་བདག་དབང་འགྲན་རྩོད་དང་བརྒྱུད་བཤུག་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ། གཞི་རིམ་བཅོས་སྐྱོང་བྱེད་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མ་ལག་ལ་གང་མགྱོགས་སྒྱུར་བཅོས་བྱ་རྒྱུ། ཉིང་ཁྲི་འདི་ཉིད་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་དུ་འཛུགས་གཏོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཚན་རྩལ་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལོ་གསུམ་བྱེད་པའི་འགག་སྒྲོལ་ལས་དོན་ཡག་པོ་སྤེལ་རྒྱུ། རེས་སྐོར་གསར་པའི་ཚན་རྩལ་ཁེ་ལས་སྐྱེད་སྲིང་དང་གོང་འཕེལ་གཏོང་བའི་འཆར་གཞི་འདོན་རྒྱུ། བོད་སྨན་ཞིབ་འཇུག་ལྟེ་གནས་སོགས་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་ཆེན་པོ་བཅུ་འཛུགས་གཏོད་བྱ་རྒྱུ།

    སྒོ་དབྱེའི་ལས་སྟེགས་གང་མགྱོགས་སྟོབས་ཆེར་གཏོང་རྒྱུ་སྟེ། སྐྱིད་གྲོང་འགག་སྒོའི་སྒོ་མོ་རྒྱ་ཆེར་འབྱེད་པར་སྐུལ་སྤེལ་གཏོང་རྒྱུ་དང་། འགྲམ་འགག་སྒོ་དང་སྤུ་ཧྲེང་འགག་སྒོའི་འགག་སྒྲོལ་ནུས་པ་ཆེ་རུ་གཏོང་རྒྱུ། ལྷ་སའི་མཁའ་འགྲུལ་འགག་སྒོའི་བྱེད་ནུས་ཤུགས་ཆེར་གཏོང་རྒྱུ་དང་། ལེགས་རྩེ་འགག་སྒོ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ། འདྲེན་ཐང(རི་འོག)འགག་སྒོ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་ནས་མཐའ་མཚམས་མི་སེར་གྱི་ཚོང་འབྲེལ་གྱི་ནང་འདྲེན་ཚོང་ཟོག་གནས་འབྱོར་བཟོ་སྣོན་གྱི་ཚོད་ལྟ་བྱས་ཏེ་ལོ་ཧྲིལ་པོར་ཕྱི་ཕྱོགས་ཚོང་དོན་དངུལ་འབོར་10%ཡན་འཕར་བ་བྱ་རྒྱུ།

    ང་ཚོས་བློ་རྒྱ་ཡངས་པོའི་ཐོག་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་ཤུགས་དངོས་རྒྱག་པ་དང་ཕན་འབྲས་དངོས་ཐོན་པར་བྱས་ཏེ་རྒྱ་ཆེའི་ཁེ་ལས་མཁས་ཅན་ཚོས་དོན་དག་གཉེར་སྐབས་སེམས་ཁྲལ་མེད་པ་དང་གོང་འཕེལ་གཏོང་སྐབས་བློ་སེམས་བདེ་པོ་ཡོང་བར་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་སྤེལ་ཧུར་ཐག་གཏོང་དགོས།

    (བདུན)དམངས་འཚོའི་ལས་གཞིར་དམ་འཛིན་ནན་པོ་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུ།

    ནུས་ཤུགས་ཡོད་རྒུས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་སྟེ། ལས་བརྟན་ལས་ཞུགས་དང་རང་བརྟེན་ལས་གཏོད་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཙོ་གནད་མི་ཚོགས་ལས་ཞུགས་ཐུབ་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཨར་སྐྲུན་ཁེ་ལས་ཀྱིས་ཞིང་འབྲོག་མང་ཚོགས་ལས་ཞུགས་བསྡུ་འགུག་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ། སྲིད་གཞུང་གིས་མ་འཇོག་བྱས་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་སའི་ཞིང་འབྲོག་མང་ཚོགས་ཀྱི་གླ་པའི་བསྡུར་གྲངས་ཁ་གསལ་བཟོས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་ལས་ཀ་གླ་ས་ཡོད་པ་དང་ཡོང་འབབ་ཀྱི་འཕར་ལམ་ཡོད་པར་བྱ་རྒྱུ། རྣམ་གསར་ལས་ཞུགས་ཀྱི་ངལ་རྩོལ་ཁེ་དབང་ལ་འགན་སྲུང་བྱེད་པར་ཤུཌ་སྣོན་རྒྱག་རྒྱུ། འདེབས་གསོ་མཁས་པ་དང་། ལག་རྩལ་བཟོ་པ། ཨར་སྐྲུན་བཟོ་པ། ལག་ཤེས་བཟོ་པ། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ཤན་པ། ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སོགས་གསོ་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་བྱ་རྒྱུ། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་དང་ཞིང་འབྲོག་མང་ཚོགས་ཁྲི་60ཡན་གནས་སྒྱུར་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

    ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་རྒྱུ་སྟེ། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་སློབ་གསོ་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་སློབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་མ་ཟད། མཐའ་མཚམས་ས་ཁུལ་གྱི་སློབ་གསོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་སློབ་གསོ་གྲངས་འཛིན་ཅན་ལ་སྐུལ་སྤེལ་གཏོང་རྒྱུ། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི“མཐོ་གཉིས”འཛུགས་སྐྱོང་གང་མགྱོགས་བྱ་རྒྱུ། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་མིང་བསྒྱུར་རྒྱུ་དང་ལྷ་སའི་དགེ་འོས་ཆེད་ཚན་སློབ་གྲྭ་དེ་དངོས་གཞིའི་ཚན་ཁག་ལ་རིམ་པ་སྤོར་བའི་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུ། བོད་ཀྱི་མཐོ་རྒྱུགས་ལ་ཕྱོགས་བསྡུས་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་བརྟན་པོ་གཏོང་རྒྱུ། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གང་མགྱོགས་རྒྱ་སྐྱེད་དང་གཤམ་སྤེལ་བྱ་རྒྱུ། རྒྱལ་ཁབ་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ་དང་མཐའ་མཚམས་རྫོང་གི་སྨན་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་མི་ཚོགས་ཡོངས་ཀྱི་བདེ་ཐང་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ། རིག་གནས་དམངས་ཕན་གྱི་བྱ་སྤྱོད་སྤེལ་རྒྱུ་དང་མང་ཚོགས་རང་བཞིན་གྱི་ཤེས་དཔལ་དར་སྤེལ་ཤུགས་ཆེན་བཏང་སྟེ་རླུང་འཕྲིན་གློག་བརྙན་དང་། རྩོམ་རིག་སྒྱུ་རྩལ། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དང་ཡིག་ཚགས་སོགས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུ། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། མང་ཚོགས་ལུས་རྩལ་གོང་འཕེལ་གཏོང་བ་དང་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཚོགས་སྒྲིག་རྣམ་པའི་ཐོག་ནས་རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ།

    ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབ་རྒྱུ་སྟེ། མ་དངུལ་སྒོར་དུང་ཕྱུར་137བཀོད་སྒྲིག་བྱས་ནས་དམངས་འཚོའི་བྱ་བ་དངོས་21ཡག་པོ་བསྒྲུབ་རྒྱུ།“འགན་ལེན་གསུམ”གྱི་སློབ་གསོའི་གྲོན་དངུལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་རོགས་དངུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་དངུལ་གྱི་རྨང་གཞིའི་རྒན་གསོའི་དངུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་ཐོབ་ཐང་གཞན་དག གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་སྐྱོང་དངུལ། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ། ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ། “མི་སྣ་རྒན་གྲས་གསུམ”གྱི་འཚོ་བའི་ཁ་གསབ་རོགས་དངུལ། སྤྱི་ཚོགས་ཕན་བདེའི་གཅིག་སྡུད་སྒྲིག་གཞི་འཁོར་སྐྱོད་དང་མི་སྣའི་འགྲོ་གྲོན། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་དང་སྤྱི་ཚོགས་ཀྱི་འགན་བཅོལ་ཁ་གསབ། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཕོགས་དང་ལས་རྗེས་དཔྱད་ཞིབ་ཀྱི་ཁ་གསབ་རོགས་དངུལ་སོགས་རྣམ་གྲངས་རིགས་13གྱི་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ། མཐའ་མཚམས་མི་སེར་གྱི་ཁ་གསབ་རོགས་དངུལ་དང་མཐའ་སྲུང་མི་སྣའི་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་ཁག་2སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ནུས་ཤུགས་ཡོད་རྒུས་མ་དངུལ་གྲབས་གསོག་བྱས་ནས་ས་བབ་མཐོ་ཚད་སྨི་3500ཡན་གྱི་མཐའ་མཚམས་རྫོང་གྲོང་དང་ཤང་གྲོང་རྡལ་གྱི་གསོ་རླུང་མཁོ་འདོན་སྒྲིག་་ཆས་བསྐྲུན་རྒྱུ་དང་། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཙོ་གནད་རྫོང་ཁག་ཏུ་རྒྱ་སྐྱེད་གཏོང་རྒྱུ། གཞི་རིམ་དུ་དྲོད་རླངས་མཁོ་འདོན་བྱ་རྒྱུ། རྫོང་ཆུས་ཀྱི་གཞུང་བཙུགས་སྨན་ཁང་ལ་དྲོད་རླངས་མཁོ་འདོན་བྱ་རྒྱུ། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ཚ་ཁྲི་ཁྱབ་གདལ་གཏོང་རྒྱུ། ས་མཐོའི་བྱེད་ནུས་མང་བའི་གཡོས་སྦྱོར་ཡོ་བྱད་ཁྱབ་གདལ་གཏོང་བ་སོགས་བྱ་བ་དངོས་6ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བོད་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ཁྲེང་ཏུའི་ལུས་གསོའི་རྟེན་གཞི་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ།

    དམངས་འཚོ་ནི་དོན་ཆུང་ཞིག་མིན་པས། ཏང་གི་བཀའ་དྲིན་གང་སར་མངོན་པར་བྱེད་དགོས། ང་ཚོས་ངེས་པར་དུ་བྱ་བ་བཟང་པོ་ཡག་པོར་བསྒྲུབ་པ་དང་བྱ་བ་དངོས་ཡག་པོར་བསྒྲུབས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱེལ་ཐུབ་པ་བྱེད་དགོས།

    (བརྒྱད)ཁོར་ཡུག་སྲུང་སྐྱོབ་ལ་དམ་འཛིན་ནན་པོ་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ།

    སླར་གསོ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་སྒྱུར་བྱ་སྤྱོད་སྤེལ་ཏེ་ལོ་ཧྲིལ་པོར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་120ཡན་ལེགས་འགྲུབ་བྱ་རྒྱུ་དང་རྩྭ་ཐང་ཞན་འགྱུར་མུའུ་ཁྲི་500ཡན་སླར་གསོ་བཅོས་སྐྱོང་བྱ་རྒྱུ། ལྷ་སའི་ལྷོ་བྱང་རི་བོ་སྔོ་སྒྱུར་ལས་གྲྭའི་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་21ལེགས་གྲུབ་བྱ་རྒྱུ། གཙང་པོ་གཉིས་དང་ཆུ་བོ་བཞི་རྒྱུག་ཁུལ་གྱི་ཤིང་འཛུགས་ནགས་བཟོའི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་རྒྱུ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ལྷོ་ཁའི་དུམ་མཚམས་དང་ལྷ་ས་སྐྱིད་ཆུའི་གྲམ་ཐང་གི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་གསར་སྤེལ་བེད་སྤྱོད་བྱེད་པའི་ལས་གྲྭ་ལག་བསྟར་བྱ་རྒྱུ། གཞི་རིམ་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སྔར་བས་སེལ་རྒྱུ་དང་། སྲ་གཟུགས་སྙིགས་རོ་དང་ལྷག་པར་དུ་སྨན་བཅོས་ཟོག་རོ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས“སྦགས་བཙོག་མེད་པའི་གྲོང་ཁྱེར”ལ་འཛུགས་སྐྲུན་བྱས་ནས་སྦགས་བཙོག་འགོག་བཅོས་བྱེད་པའི་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་དེ་རྒྱལ་ཡོངས་ཀྱི་སྔོན་ཐོན་གྲས་སུ་སླེབས་པའི་བརྩོན་ལེན་བྱ་རྒྱུ།

    ཚོད་འཛིན་དང་དོ་དམ་ནན་པོ་བྱ་རྒྱུ་སྟེ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ལག་བསྟར་ནན་ཏན་བྱ་རྒྱུ། ཆེས་ནན་ཤོས་ཀྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱ་རྒྱུ་མ་ཟད། སྐྱེ་ཁམས་སྐྱིན་གསབ་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་འབྱུང་འཕྲོད་གཏེར་ཁ་འཛུགས་སྐྲུན་བྱེད་པའི་ཚད་གཞི་བཟོ་རྒྱུ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་བྱས་པའི་གནད་དོན་བཅོས་སྒྲིག་བྱེད་པར་དམ་འཛིན་ཡག་པོ་བྱ་རྒྱུ་དང་། རེས་སྐོར་གསར་པའི་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་ལས་འགོ་འཛུགས་རྒྱུ།

    སྲུང་སྐྱོབ་དང་གོང་འཕེལ་ལ་སྤྱི་འདོམས་བྱ་རྒྱུ་སྟེ། བོད་བྱང་ཐང་དང་རི་བོ་ཇོ་མོ་གླང་མ་སོགས་རྒྱལ་ཁབ་ཀྱི་སྤྱི་གླིང་ཧུར་ཐག་བསྐྲུན་རྒྱུ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ཁུལ་འཛུགས་སྐྲུན་ཡག་པོ་བྱ་རྒྱུ། འཁྱགས་རོམ་དང་གངས་འཁྱགས་ཐོན་ཁུངས་ཀྱི་གདིང་གཞིར་བརྟག་དཔྱད་བྱས་ནས་འབྲེལ་ཡོད་འཆར་འགོད་བཟོ་རྒྱུ་དང་ས་གནས་ཁྲིམས་བཟོར་སྐུལ་འདེད་གཏོང་རྒྱུ། འཁྱགས་མཚེའུ་ཡི་གནོད་འཚེ་རྩད་ཞིབ་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ། སྐྱེ་ཁམས་ལས་གནས་ཀྱི་ལས་རྗེས་དཔྱད་ཞིབ་ལམ་ལུགས་དང་འགྱུར་ལྡན་དོ་སྙོམས་ཀྱི་ལམ་ལུགས་འཛུགས་རྒྱུ། རང་སྐྱོང་ལྗོངས་ཀྱི་ཐཱན་རྒྱུ་འབུད་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི“1+N”ཡི་སྲིད་ཇུས་མ་ལག་འཛུགས་རྒྱུ། སྐྱེ་ཁམས་ཐོན་རྫས་རིན་ཐང་གི་ཞིབ་རྩིས་མ་ལག་དང་རིན་ཐང་མངོན་པའི་ལམ་ལུགས་འཛུགས་སྟངས་འཚོལ་ཞིབ་བྱས་ནས་ཁུལ་ཁོངས་ཡོངས་དང་དམངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་འཛུགས་གཏོད་བྱེད་པར་སྐུལ་འདེད་གཏོང་རྒྱུ།

    ང་ཚོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ་གངས་ལྗོངས་ས་མཐོའི་རང་བྱུང་རྩྭ་རྩི་ཤིང་དང་རི་ཆུ་ནགས་གསུམ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་མ་ཟད། སྐྱེ་ཁམས་བཟང་པོ་དེ་དག་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་དང་བཀྲག་ཆེ་ཤོས་ཀྱི་གོང་འཕེལ་གྱི་རྨང་གཞིར་འགྱུར་བར་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་སྤེལ་ཧུར་ཐག་གཏོང་དགོས།

    (དགུ)མཐའ་མཚམས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ཏེ་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ།

    མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་བཀོད་སྒྲིག་བྱ་ཡུལ་གྱི་ཆུ་འགོའི་ལས་གྲྭ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་དང་། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒྲིག་བཀོད་གསར་སྒྱུར་ལས་གྲྭ་ལག་བསྟར་བྱ་རྒྱུ། མཐའ་མཚམས་གྲོང་ཚོ་གྲོང་རྡལ་དང་ཁུལ་ཁོངས་ཀྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། མཐའ་མཚམས་ས་ཁུལ་39ཡི་གྲོང་གསེབ་གཞུང་ལམ་གྱི་རྣམ་གྲངས་ལག་བསྟར་བྱ་རྒྱུ་དང་། གསར་སྐྲུན་བྱས་པའི་སྒྲིག་ཚུད་གྲོང་ཚོ་66གི་ཨར་འདམ་ལམ་ཤར་གཏོང་ཐུབ་པར་བྱ་རྒྱུ། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་ཀྱིས་ཁ་གཏད་རོགས་སྐྱོར་གནང་བར་འགན་སྲུང་ཤུགས་ཆེན་བྱ་རྒྱུ། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”གཏིང་ཟབ་ཏུ་བཏང་ནས་ཏང་སྲིད་དམག་དམངས་ཉེན་རྟོག་གི་མཉམ་འགོག་མཉམ་སྡོམ་ལ་སྐུལ་སྤེལ་གཏོང་རྒྱུ། ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་མི་འབོར་བརྟན་པོའི་ངང་འཕར་སྣོན་ཡོང་བར་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་གྲོང་མིའི་ཡོང་འབབ་ཀྱི་འཕར་ཚད་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བར་སླེབས་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

    ང་ཚོས་སྲིད་ཇུས་དང་། རྣམ་གྲངས། མ་དངུལ་བཅས་མཐའ་མཚམས་ཀྱི་འཐབ་ས་དང་པོར་གཟིགས་སྐྱོང་བྱས་ཏེ་མཐའ་ཁུལ་བརྟན་ལྷིང་དང་། མཐའ་མཚམས་དར་རྒྱས། མཐའ་མཚམས་མི་སེར་ཕྱུག་འགྱུར་ཡོང་བར་བྱས་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་སྤེལ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་སྤེལ་ཧུར་ཐག་གཏོང་དགོས།

    འཐུས་མི་རྣམ་པ། ང་ཚོས་སྔར་རྒྱུན་བཞིན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྲུང་སློབ་གསོ་སྐུལ་སློང་ཡག་པོ་བྱེད་པ་དང་། དམག་དམངས་མཉམ་འདྲེས་ཐོག་གོང་འཕེལ་གཏོང་བ། དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་དང་དོ་དམ་ཡག་པོ་བྱེད་པ། གཉིས་བཀུར་མཉམ་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ཡོང་བར་བྱེད་དགོས།

    འཐུས་མི་རྣམ་པ། ང་ཚོས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་རིག་སྟོབས་བོད་སྐྱོར་དང་། ཐོན་ལས་བོད་སྐྱོར། ལས་ཞུགས་བོད་སྐྱོར་བཅས་རྒྱ་སྐྱེད་གཏོང་རྒྱུ་མ་ཟད། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་ཐོན་ལས་བོད་སྐྱོར་གྱི་དཔེ་སྟོན་བཏོད་དེ་བོད་ལྗོངས་གོང་འཕེལ་འགྲོ་བར་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་སྣོན་དགོས།

    འཐུས་མི་རྣམ་པ། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནན་པོའི་དགོངས་གཞིར་བརྟེན་ནས་སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ལམ་ནན་དུ་གཏོང་རྒྱུ་མ་ཟད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྐུལ་སྤེལ་གཏོང་བ་དང་། རང་རྟོགས་ངང་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། ལྟ་ཞིབ་ཨུ་ལྷན། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ལྟ་སྐུལ་དང་ལེན་ཞུ་བ། རྩིས་བཤེར་ལྟ་སྐུལ་དང་བསྡོམས་རྩིས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་གཞིགས་ཏེ་སྲིད་འཛིན་པ། ཚན་རིག་དང་མཐུན་པའི་སྒོ་ནས་དམངས་གཙོའི་ཇུས་ཐག་གཅོད་པ། སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ལ་བརྟེན་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་གཏིང་གི་གནས་བབ་མཐོ་ཤོས་སུ་བཞག་སྟེ་མི་དམངས་ཀྱི་གཞུང་ཞབས་པའི་མཚན་སྙན་ལ་ངོ་གནོང་མི་དགོས་པ་བྱེད་དགོས།

    འཐུས་མི་རྣམ་པ། དམ་པ་དོན་གཉེར་ཐོག་ནས་ཕུགས་འདུན་གཉེར། འབད་འཐབ་ཡར་བརྩོན་ཐོག་ནས་གཟི་བརྗིད་གཏོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ངར་སེམས་ཆེར་སྐྱེད་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་ཐོག་ནས་མདུན་དུ་སྐྱོད་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་གྱི་ཐོག་ནས“མདུན་གྲལ་དུ་སླེབས་པ་བཞི”གང་མགྱོགས་མངོན་འགྱུར་ཐུབ་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)


    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།