དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་སར་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-03

    ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱ་ཐབས་ནས་ལྷ་ས་གྲོང་ཁྱེར་དུ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཐད་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་མཉམ་དུ་ཕེབས་ཡོད་པ་རེད།

    ཀྲོང་ཡན་རྒྱ་མཚོ་སྡེ་ཁུལ་དང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་དུ་ཕེབས་ཏེ། སྡེ་ཁུལ་གྱི་ལས་བྱེད་པ་དང་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། སྡེ་ཁུལ་དུ་དྲ་མིག་ཅན་འཛུགས་པ་དང་། བདེ་འཇགས་དཔུང་ཁག་འཛུགས་སྐྱོང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་མེད་པ་བཟོ་བ། ཕྱོགས་མིར་ཞབས་ཞུ་དང་དོ་དམ་ལས་དོན་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག་བརྟན་ལྷིང་སྲུང་སྐྱོང་གི་སྡོད་བྱ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཡང་གནང་བ་རེད། 

    ཁོང་གིས་སྡེ་ཁུལ་ལས་བྱེད་པ་ཚོས་མུ་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་དང་ཐོན་སོ་ཡོད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པ། མཉམ་འགོག་མཉམ་བཅོས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། “དོན་ཆུང་གྲོང་ཚོས་ཐག་གཅོད་དང་། དོན་ཆེན་གྲོང་རྡལ་གྱིས་ཐག་གཅོད། འགལ་ཟླ་གོང་ལ་ཞུ་མི་དགོས་པ”བཅས་ཀྱི་ལས་དོན་ཧུར་ཐག་སྒྲུབ་པ་དང་སྤྱི་ཚོགས་བཅོས་སྐྱོང་གི་གཞི་རིམ་རྨང་གཞི་བརྟན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྣེའུ་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་ཀྲོང་ཡན་གྱིས་བདེ་འཇགས་ཞིབ་བཤེར་དང་གཞུང་ལམ་ཤར་བགྲོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཅིན་ཉིའུ་སྣུམ་སྣོན་ས་ཚིགས་སུ་ཀྲོང་ཡན་གྱིས་སྣུམ་དོ་དམ་དང་བདེ་འཇགས་བྱ་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩིས་ནས་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་དུ་སྒྲུབ་པ་དང་ཆབས་ཅིག་གཞི་རིམ་དུ་སྤེལ་ཐུབ་པར་བྱེད་དགོས། ཏང་གིས་གཞི་རིམ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་དྲ་མིག་ཅན་གྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ། བྱེད་པོའི་འགན་འཁྲི་དང་གཏོགས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། གཞི་རིམ་ལས་བྱེད་པའི་ལག་བསྟར་ནུས་པ་དང་། བྱ་སྤྱོད་ནུས་པ། གསར་གཏོད་ནུས་པ་བཅས་ཆེ་རུ་གཏོང་བ། འགན་འཁྲི་ནན་ཏན་འཁུར་བ་དང་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།