དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-01

    ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོང་ཡན་གྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་དུ་ཕེབས་ནས་བརྟག་ཞིབ་གནང་བ་རེད།

    ཀྲོང་ཡན་གྱི་མཐོ་ས་འཛུགས་གཏོད་ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་དང་། སྐྱེ་ཁམས་ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་དང་བཙོག་འབུད་དོ་དམ་ཁྲུའུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གཞུང་ལས་ཁང་སོགས་ལ་ཕེབས་ནས་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་དང་མཐོ་ས་འཛུགས་གཏོད་ལས་ཀའི་འཕེལ་རིམ་དང་རྣམ་གྲངས་གལ་ཆེན་གྱི་ཁོར་ཡུག་དཔྱད་དཔོག་གི་ཞིབ་མཆན་དང་ཞབས་ཞུ་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད།

    དེ་རྗེས། ཀྲོང་ཡན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་མཐོ་ས་གཞུང་ལས་ཁང་དང་དེ་བཞིན་ཆེད་དོན་ཚོགས་ཆུང་གི་འབྲེལ་ཡོད་ཁོངས་མིའི་ཚན་པའི་ལས་དོན་སྙན་ཞུ་གསན་པ་རེད། ཁོང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་བྱ་སྤྱོད་དངོས་ལ་བརྩིས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱི་འདོམས་སུ་མཐའ་འཁྱོངས་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་ལས་འགན་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྤེལ་དགོས། དམིགས་ཚད་མ་ལག་ལ་དམ་པོར་དམིགས་ནས་འཆར་འགོད་ལ་དམ་འཛིན་བྱས་ཏེ་འཛུགས་གཏོད་ལས་དོན་གྱི་དམིགས་ཚད་ལ་སྔར་བས་དམིགས་པ་དང་། ལས་འགན་སྔར་བས་ཁ་གསལ། བྱ་ཐབས་སྔར་བས་ཞིབ་ཕྲ། སྔོན་ཐོན་བརྩོན་ལེན། རྩེ་གྲ་གཏོད་པ་བཅས་ཀྱི་འགན་ལེན་བྱེད་དགོས། རྣམ་གྲངས་གལ་ཆེན་ལ་དམ་པོར་དམིགས་ནས་སྐུལ་འདེད་གཏོང་བར་དམ་འཛིན་དང་། མཐོ་ས་འཛུགས་གཏོད་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་གཏོད་པར་དམ་འཛིན་ནན་པོ། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་གང་མགྱོགས་སེལ་བ། འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས། འགན་འཁྲི་ནན་དཀྲིས་ལ་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་དང་། གསལ་ཐོ་དོ་དམ་ལག་བསྟར། སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམིགས་ཚད་དང་། ལས་འགན། བྱ་ཐབས། འགན་འཁྲི། དུས་བཀག་བཅས་ཁ་གསལ་ཡོང་བར་བྱེད་དགོས། དམར་ཐིག་དང་མཐའ་ཚད་སྲུང་བར་དམ་པོར་དམིགས་ཏེ་གསར་གཏོད་ལ་དམ་འཛིན་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་དགོས། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བར་དམ་པོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་བཙན་ཅིང་ནན་པའི་སྒྲིག་ལམ་དང་། ཚད་གཞི་མཐོ་བ། སྤྱོད་ཚུལ་ནན་པ་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།