དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-30

    ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཆེད་མངགས་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ཀྲོང་ཡན་གྱིས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་དང་དེ་བཞིན་དགོན་སྡེ་དོ་དམ་དང་། རིག་དངོས་སྲུང་སྐྱོང་། མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་ཞིབ་ཕྲ་གནང་བ་མ་ཟད། དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་། དགོན་སྡེའི་དགེ་འདུན་པ། དད་ལྡན་མང་ཚོགས་བཅས་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད།

    ཀྲོང་ཡན་གྱིས་གསུངས་དོན། ལྗོངས་ཡོངས་ཀྱི་ཆོས་ལུགས་རིགས་ཁོངས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལས་དོན་སྤེལ་ཚུན། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་དང་། རྒྱ་ཆེའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། དགོན་སྡེའི་གྲྭ་བཙུན་བཅས་ཀྱི་ཐུན་མོང་འབད་བརྩོན་འོག སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏན་ཏིག་དང་། བརྟན་པོའི་ངང་སྐུལ་འདེད། གསོན་ཉམས་དོད་པོས་སྤེལ་བ་བཅས་བྱས་པས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡོད་ལས་བྱེད་པས་ལྗོངས་ཡོངས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“འདུ་ཤེས་གསུམ”གྱི་སློབ་གསོར་དམ་འཛིན་ཏན་ཏིག་བྱས་ནས་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་། ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས། ཞུགས་བདེ་བའི་རྣམ་པ་བཅས་ཀྱི་ཐོག་ནས་སྒྲོག་འགྲེལ་གྱི་གསོན་ཉམས་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས། ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། “འཛུགས་གཏོད་བཞིར”རམ་འདེགས་ཧུར་ཐག་བྱེད་པ་དང་། རང་རྟོགས་ངང་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་བསྟར་བ་དང་། སྐུལ་འདེད་གཏོང་བ། སྲུང་སྐྱོང་བ་བཅས་ཡག་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།