དབུ་ཤོག>སྲིད་དོན།
  • མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2023-01-30

     རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཟླ་1ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་ནས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ཀྱི་བླང་བྱ་སྤྱི་འདོམས་བྱ་རྒྱུ་དེ་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་ཏུ་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། རྒྱུན་སྲིང་ལྷོད་མེད་ཀྱིས་ལས་དོན་ཧུར་ཐག་སྒྲུབ་པ་བརྒྱུད། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་བྱུང་བ་དེས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་ཡོད། འོན་ཀྱང་བོད་དུ་རང་བྱུང་གི་གནོད་འཚེ་མང་པོ་ཐོན་སླ་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་སྔར་བཞིན་གནས་ཡོད་པས། ངེས་པར་དུ་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱེད་དགོས་པ་ང་ཚོས་རིག་པ་དྭངས་གསལ་ངང་ཤེས་པ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བདེ་འཇགས་ཐོན་སྐྱེད་དེ་ཉིད་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་པའི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། བོད་དུ་རང་བྱུང་གནོད་འཚེ་མང་པོ་ཐོན་སླ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་ཐུབ་པ། དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱོད་པ། “དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མི་གཏོང་བའི”འགན་འཁྲིའི་བསམ་པ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་པ། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ཆེན་པོ་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། གནོད་འཚེ་སྔོན་འགོག་གི་ལས་དོན་རང་འགུལ་ངང་ཡག་པོ་སྒྲུབ་པ། ཆད་སྐྱོན་སེལ་བ་དང་། སྐྱོན་ཆ་འགོག་པ། ཞན་ཆ་ལེགས་གཏོང་བཅས་གང་མགྱོགས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་དོན་རྐྱེན་ཚབས་ཆེན་དང་ཆེས་ཚབས་ཆེན་ལ་མཐའ་གཅིག་ཏུ་འགོག་ཟོན་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་དང་དམར་ཐིག་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།