ཚེས་17ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་ཕེབས་ཏེ་ཕན་བདེ་ཁང་གི་བྱིས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དེ་བཞིན་ལས་དོན་མི་སྣར་བྱམས་བརྩེའི་ངང་འཚམས་འདྲི་ཞུས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་བརྒྱུད་སྤྲོད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྒྲོལ་དཀར་འཚམས་འདྲིར་མཉམ་དུ་ཕེབས་ཡོད་པ་རེད།
“སྤོ་བོ་ཡན་ལགས། ང་ཚོའི་ཁྱིམ་དུ་མགྲོན་པོར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་ལོ་7ལ་སླེབས་པའི་ཚེ་སྐྱིད་ཀྱིས་ཡན་ཅིན་ཧའེ་དང་བཅས་པ་ཁོ་མོའི“གཅེས་སེམས་ཁྱིམ་ཚང”དུ་གདན་དྲངས་པ་རེད། རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཅོག་ཙེའི་ཐོག་བྱི་རིལ་སྣ་ཚོཌ་སྒྲིག་ཡོད་པ་དང་། མགྲོན་བསུ་ཁང་གི་དཔེ་སྒྲོམ་སྟེང་ལྒང་བཞུ་དམར་པོ་ཆུང་ཆུང་ཞིག་བཀལ་ཡོད། ལྷག་པར་དུ་ཚོམས་ཆེན་གྱི་གྱང་སྟེང་དུ་བཀལ་བའི་ཆེ་ཆུང་ཚུན་10ལྷག་ཙམ་ཡོད་པའི་ནང་མིའི་མཉམ་པར་དེ་མངོན་གསལ་ཧ་ཅང་ཆེ་ཞིང་། པར་ནང་ཨ་མ་སྒྲོལ་དཀར་དང་ཁོང་ཁྱིམ་གྱི་ཕྲུ་གུ་18མཉམ་དུ་བསྡད་ཡོད་པ་དང་ཁོང་ཚོའི་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་ལས་ཁྱིམ་ཚང་གི་བདེ་སྐྱིད་ཚོར་ཐུབ། ཕྲུ་གུ་ཚོས་ཁྱིམ་ཚང་གི་དྲོ་སྐྱིད་དང་བརྩེ་བ་ཚོར་བར་བྱ་ཆེད་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གིས་ཁྱིམ་ཚང་གསོ་སྐྱོང་བྱེད་སྟངས་སྤྱད་དེ་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་433“གཅེས་སེམས་ཁྱིམ་ཚང”16ལ་བགོ་བཤའ་བརྒྱབ་ནས་གཅིག་སྡུད་ཐོག་གསོ་ཉར་བྱས་ཡོད། མིག་སྔར་ཕན་བདེ་ཁང་གི་ཕྲུ་གུ་146གནས་དེ་ནས་ཁ་བྲལ་ཏེ་ལས་གནས་ཐོག་བསྐྱོད་པ་དང་མཐོ་རྒྱུགས་སློབ་རིམ་འཕར་ཚད་དང་ལས་ཞུགས་ཐུབ་ཚད་100%ཟིན་ཡོད།
དྲོ་སྐྱིད་ལྡན་ཞིང་གཙང་སྦྲ་དོད་པའི་ཉལ་ཁང་དང་སྤྱི་པའི་སློབ་སྦྱོང་བྱ་ཡུལ་གཟིགས་པ་དང་བྱིས་པའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་ཡན་ཅིན་ཧའེ་ཐུགས་ཧ་ཅང་མཉེས་པོ་བྱུང་ཞིང་། ཁོང་གིས་དང་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། ཕན་བདེ་ཁང་གིས་སྔར་བཞིན་གཅེས་སེམས་བཅངས་ནས་རང་ཉིད་ཀྱི་ཕྲུ་གུ་བཞིན་ཕྲུ་གུ་ཚོའི་སེམས་ཁམས་བདེ་ཐང་ལ་དེ་བས་དོ་ཁུར་བྱས་ཏེ་རོགས་རེས་དང་མཛའ་བརྩེ་ལྡན་པའི་ཁྱིམ་ཚང་གི་རྣམ་པ་བཏོད་པ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐུགས་ཁུར་དང་བརྩེ་སེམས་མཚོན་པ་དང་འབྲེལ་ཕྲུ་གུ་ཚོ་བདེ་ཐང་དང་སྤྲོ་སྣང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
“ཁྱེད་རང་ད་ལོ་དགོང་ལོ་ག་ཚོད་ཡིན་ནམ” “འདིར་གྲང་མོ་འདུག་གམ”“ཁ་ལག་ཡག་པོ་འདུག་གམ” ཞེས་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་ཡན་ཅིན་ཧའེ་ཡིས་ལོ་84ལ་སླེབས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་བགྲེས་སོང་འཕྲིན་ལས་གཡང་འཛོམས་དང་མཉམ་དུ་ཞུགས་ནས་རྒན་རྒོན་གྱི་གཟུགས་གཞིའི་གནས་ཚུལ་དང་རྒྱུན་གཏན་གྱི་འཚོ་བ་སོགས་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་རེད། བགྲེས་སོང་འཕྲིན་ལས་གཡང་འཛོམས་ཀྱིས་ཏང་དང་སྲིད་གཞུང་གིས་རྒན་རྒོན་ཚོར་དམིགས་བསལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྤྲོ་སྣང་དང་ཡར་ཐོན་གྱི་འཚོ་བའི་རྣམ་འགྱུར་འཛིན་སྟངས་མཐའ་འཁྱོངས་བྱས་ནས་ཚེ་མཇུག་གི་འཚོ་བ་ཡག་པོ་སྐྱེལ་གྱི་ཡིན་ཞེས་བཤད། བགྲེས་སོང་ཚོའི་འཚོ་བར་སྤྲོ་སྣང་འཕེལ་བ་དང་ལྟོ་གོས་ཐད་སེམས་ཁྲལ་མེད་པ་གཟིགས་སྐབས་ཡན་ཅིན་ཧའེ་ཡིས་ང་ཚོ་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་བས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་གཟིགས་སྐྱོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཆུ་འཐུང་དུས་ཆུ་འགོ་དྲན་པ་བཞིན་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།