དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་། ངལ་རྩོལ་དཔེ་བཟང་བའི་འཐུས་མི། དཀའ་ངལ་ཡོད་པའི་ལས་བཟོ། རྒན་ཡོལ་ཞུས་པའི་བཟོ་པ། དཀའ་ངལ་ཡོད་པའི་གཟིགས་སྐྱོང་བྱ་ཡུལ། ཡོང་འབབ་དམའ་བའི་ཁྱིམ་ཚང་། གསོ་བཅོལ་བ་བཅས་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-21

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་། ངལ་རྩོལ་དཔེ་བཟང་བའི་འཐུས་མི། དཀའ་ངལ་ཡོད་པའི་ལས་བཟོ། རྒན་ཡོལ་ཞུས་པའི་བཟོ་པ། དཀའ་ངལ་ཡོད་པའི་གཟིཌ་སྐྱོང་བྱ་ཡུལ། ཡོང་འབབ་དམའ་བའི་ཁྱིམ་ཚང་། གསོ་བཅོལ་བ་སོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ཏེ་ཁོ་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་འཚམས་འདྲི་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    “ལོ་གསར་བཀྲ་ཤིས་བདེ་ལེགས”ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་མངགས་གཏོང་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་མི་དམངས་ཉེན་རྟོག་པ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་བྱམས་བརྩེའི་འཚམས་འདྲི་ཞུས་གནང་བ་རེད། ཁོང་གིས། 2022ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། འགྱུར་ལྡོག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་རང་ལྗོངས་ཀྱི་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ལས་འགན་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལས་ཀའི་བཀོད་སྒྲིག་ལྟར“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་སྒྲིལ་གྱིས་བྱ་གཞག་ཁག་ལ་སྤོབས་པ་སྐྱེ་བའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད། ད་དུང་བློ་བཟང་རྒྱལ་མཚན་གྱིས་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པས་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་བློ་དཀར་སེམས་དཀར་དང་བློས་འགེལ་ཆོག་པའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་གནས་པར་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་འཇོག་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་གནས་མཐའ་འཁྱོངས་བྱས་ཏེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འགན་འཁྲི་དང་ལས་འགན་ལེགས་སྒྲུབ་བཅས་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་བརྟན་པོ་སྐྲུན་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སུ་བློ་བཟང་རྒྱལ་མཚན་གྱིས་ངལ་རྩོལ་དཔེ་བཟང་བའི་འཐུས་མི་དང་། རྒན་ཡོལ་ཞུས་པའི་བཟོ་པའི་འཐུས་མི། དཀའ་ངལ་ཡོད་པའི་ལས་བཟོའི་འཐུས་མི་སོགས་ལ་དཀར་གཙང་མཇལ་དར་ཕུལ་ནས་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཁོང་གིས། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ལས། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མེད་པ་ར་སྤྲོད་གང་ལེགས་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱས་ཚེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལྡན་ངེས་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བཟོ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ལས་གཅེས་ལས་བཀུར། འབད་འབུངས་ཡར་བརྩོན། ལས་ལ་བརྩོན་པའི་ལག་ཟུང་དང་དཀའ་སྤྱད་ཀྱི་རྔུལ་ཆུ་བཏོན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་ལྟེ་གནས་སུ་བློ་བཟང་རྒྱལ་མཚན་གྱིས་དེ་གར་འཚོ་བ་སྐྱེལ་བའི་ཕྲུ་གུ་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་འབྲེལ་ལས་དོན་པར་གཅེས་སེམས་ཆེན་པོ་བཅངས་ཏེ། བརྩེ་བ་ངོ་མར་བརྟེན་ནས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཕྲུ་གུ་ཚོའི་དམིགས་བསལ་གྱི་དགོས་མཁོར་གཞིགས་ཏེ་མི་དང་བསྟུན་ནས་ཇུས་བསྟར་དང་གནད་སྨིན་ཞབས་འདེགས་ཞུས་ཏེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་བྱིས་པ་ཚོས་ཚོར་བར་བྱེད་དགོས་པའི་མངགས་བཅོལ་ཡང་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།