དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་དཔྱིད་གསར་དུས་ཆེན་གྱི་དམངས་འཚོའི་ཞབས་འདེགས་འགན་སྲུང་ལ་ཞིབ་བཤེར་མཛུབ་ཁྲིད་དང་འཐབ་ས་དང་པོའི་ལས་དོན་པར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-21

    5b91bae2-7b38-4600-bbf4-9cda5541f401.jpg.jpg

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་དང་དམངས་འཚོའི་ཞབས་འདེགས་འགན་སྲུང་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་མ་ཟད། འཐབ་ས་དང་པོའི་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་དབན་ཏ་ཐང་ཆེན་དུ་ཉོ་ཆ་རྒྱག་བཞིན་པའི་གྲོང་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

    དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས་ལོ་གསར་གྱི་རྣམ་པ་ཟབ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་དང་དམངས་འཚོའི་ཞབས་འདེགས་འགན་སྲུང་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་མ་ཟད། འཐབ་ས་དང་པོའི་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ལ་དཔྱིད་གསར་གྱི་སྨོན་འདུན་ཞུས་པ་དང་ལྗོངས་ཡོངས་ཀྱི་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་ཚོར་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

    ལྕགས་པོ་རི་ཞིང་ཞོར་ཉོ་ཚོང་ཁྲོམ་རར་ལོ་གསར་གྱི་མཁོ་ཆས་ཉོ་མཁན་གྲོང་མི་རྒྱུན་ཆད་མེད་ཅིང་། “ཚགས་ཤ་རྒྱ་མ་གང་ལ་སྒོར་ག་ཚོད་རེད་དམ། ཚོང་གང་འདྲ་འདུག་གམ” ཝང་ཅུན་ཀྲེང་གིས་ཚལ་འཚོང་མཁན་དང་། ཚལ་ཉོ་མཁན་གྲོང་མི། ཁྲོམ་རའི་དོ་དམ་པ་བཅས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་འབྲུ་སྣུམ་དང་། ཤིང་འབྲས། སྔོ་ཚལ། སྒོ་ང་། ཤ་རིགས་བཅས་ཀྱི་ཐོན་ཡུལ་དང་། རིན་གོང་། ཉར་ཚགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། མང་ཚོགས་ཀྱིས་རྩ་གཉིས་བཤེར་རྟགས་བཤེར་ན་ཚལ་དང་ཤ་སོགས་ཁུངས་འདེད་རྩད་གཅོད་ཐུབ་པ་དང་ཚོང་པའི་གཞི་རྩའི་ཆ་འཕྲིན་ལ་ལྟ་ཐུབ་པ་མཁྱེན་རྗེས། ཝང་ཅུན་ཀྲེང་གིས་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་སྐོར་ཞིབ་དང་འཐེན་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལྟ་སྐུལ་དོ་དམ་དང་མཛུབ་ཁྲིད་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་བཅོས་སྐྱོང་ནུས་པ་དང་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཝང་ཅུན་ཀྲེང་གིས་ཞིང་ཞོར་ཐོན་རྫས་ཁྲོམ་རར་འགྲུལ་རྒྱུན་མང་ལ་མི་སྣ་གཅིག་སྡུད་ཆེ་བས་ཁོར་ཡུག་གཙང་སྦྲ་དང་ལས་བཟོའི་གཙང་སྦྲ་འགོག་སྲུང་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་བདེ་ཐང་གི་ལྟ་ཞིབ་ཚད་ལེན་དང་སྔོན་ནས་ཐེ་གཏོགས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    “སྒོ་རྩིས་ཚོང་ཁང་གི་ཚོང་ཟོག་གིས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་བམ། མཁོ་འདོན་དང་རིན་གོང་བརྟན་པོ་འགན་ལེན་ཐུབ་བམ” དབན་ཏ་ཐང་ཆེན་ཡུང་ཧུའེ་སྒོ་རྩིས་ཚོང་ཁང་དུ་ཝང་ཅུན་ཀྲེང་གིས་ཚོང་ཟོག་གི་སྣ་ཁ་དང་སྤུས་ཚད་ལ་ནན་ཏན་ངང་གཟིགས་ནས་ཡུལ་དེ་རང་གི་ཁྱད་ལྡན་དམངས་འཚོའི་ཚོང་ཟོག་མཁོ་འདོན་བྱེད་ཚུལ་ལ་གཙོ་གནད་བཀའ་འདྲི་གནང་བ་དང་ཚོང་དོན་བར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་ཁྱེད་ཚོའི་དཀའ་སྤྱད་ངལ་རྩོལ་ལས་གྲོང་མིའི་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་པར་ཐུགས་རྗེ་ཆེ་ཞུ་ཞེས་གསུངས། བོད་རང་ནས་ཐོན་པའི་གངས་ལྷ་མེ་ཏོག་རྟགས་ཅན་གྱི་དབུགས་རྡིག་སྒོ་རྩིས་ཚོང་ཁང་དུ་འཚོང་བཞིན་པ་གཟིགས་སྐབས། ཝང་ཅུན་ཀྲེང་གིས་བྲིན་ཚོང་དང་ཁྲོམ་རའི་གདེང་འཇོག་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས་ཚོང་ཁང་ཆེ་གྲས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ནས་མང་ཚོགས་ལ་ཐོན་རྫས་གང་ཞིག་མཁོ་བ་དང་ཐོན་རྫས་གང་ཞིག་ལ་དགའ་པོ་བྱེད་པའི་ཐད་འབྲེལ་མཐུད་ཧུར་ཐག་དང་རང་འགུལ་ངང་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ཟས་ནི་མི་ཡི་འཚོ་རྟེན་རེད།“ཤ་ཚལ་སྒོང”གསུམ་དང“ཟ་འབྲུ”འདང་ངེས་ཡོད་ཚེ་གཞི་ནས་མང་ཚོགས་རྣམས་བློ་བདེ་པོ་ཡོང་ཐུབ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་། མཁོ་སྤྲོད་འགན་ལེན། ཟོག་གོང་བརྟན་པོ། འཛད་སྤྱོད་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས། རིགས་ཁག་གི་བཟའ་བཅའ་གཏོང་འདྲེན་དང་གསོག་འཇོག་ལ་ཤུགས་སྣོན་རྒྱག་པ། དངོས་ཟོག་སྐྱེལ་འདྲེན་དང་བཟའ་བཅའ་སྡེབ་སྐྱེལ་གྱི་ཐབས་ལམ་ཤར་གཏོང་ཐུབ་པ། བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་ཚོང་ཟོག་ཕུན་སུམ་ཚོགས་པོ་ཡོང་བར་འགན་ལེན་བཅས་བྱས་ཏེ། “ཤ་ཚལ་སྒོང”གསུམ་དང་། “ཤིང་འབྲས”“ཟ་འབྲུ”བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཁྲོམ་ར་དང་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་དང་། ཟོག་གོང་ཧམ་ཤེད་ཀྱིས་སྤོར་བ་དང་རིན་གོང་སྒེར་སྡེམ་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ། ལས་དོན་པའི་འཕྲོད་བསྟེན་བདེ་ཐང་དོ་དམ་དོན་འཁྱོལ་ནན་པོ། བཟའ་བཅའི་བདེ་འཇགས་དང་ནད་ཡམས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱིས་བློ་བདེའི་ངང་ཉོ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་དཔྱིད་གསར་དུས་ཆེན་རིང་ལྗོངས་ཡོངས་ཀྱི་གྲོང་མིའི་ཆུ་དང་། གློག དྲོད་རླངས་བཅས་སྤྱོད་པའི་འགན་ལེན་ལས་དོན་ལ་དོ་ཁུར་ཆེན་པོ་གནང་ཞིང་། རྔ་ཆེན་ས་ངོས་ཆུ་བཟོ་གྲྭར་ཝང་ཅུན་ཀྲེང་གིས་ཆུ་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་དང་། འཕྲལ་སྡོམ་ལས་རེས་མི་སྣ་དང་མྱུར་བཟོའི་འཐབ་ས་དང་པོའི་ལས་དོན་པར་འཚམས་འདྲི་གནང་སྟེ། ཁོ་ཚོས་དཀའ་སྤྱད་ལས་སྒྲུབ་བྱས་ནས་གྲོང་ཁྱེར་གྱི་ཆུ་མཁོ་སྤྲོད་ཀྱི“སྲོག་རྩ”བསྲུངས་ནས། གྲོང་མི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་པོ་ཡོང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ཤུགས་ཚད་ཡོད་ཀུང་སིའི་ལས་དོན་པས་གོ་རིམ་ལྡན་པའི་ངང་ལས་དོན་སྤེལ་ནས། འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་གྱི་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། ཝང་ཅུན་ཀྲེང་གིས་བཀོད་གཏོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་གྲོང་མིའི་རྒྱུན་མཁོའི་དྲོད་རླངས་སྤྱོད་ཚད་དང་། བདེ་འཇགས་ཞིབ་བཤེར་གྱི་གྲངས་གཞི། དྲོད་རླངས་མཁོ་སྤྲོད་ཁྱབ་ཁོངས་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཝང་ཅུན་ཀྲེང་གིས། དཔྱིད་གསར་དུས་ཆེན་རིང་ནི་ཆུ་དང་། གློག དྲོད་རླངས་བཅས་མང་ཤོས་སྤྱོད་པའི་དུས་ཡིན་པས། གྲོང་ཁྱེར་གྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་པ་ནི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། “དུས་ནམ་ཡང་སེམས་ལ་འཇོག་པའི”འགན་འཁྲིའི་བསམ་པར་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་འཕྲལ་སྡོམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་རེས་བཀོད་གཏོང་དང་། ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ། ཉེན་ཁའི་ལྟ་སྐུལ་ཚོད་འཛིན། མྱུར་བཟོ་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། དུས་ཆེན་རིང་གི་ནུས་རྒྱུ་འདང་ངེས་དང་། སྤུས་ལེགས། བདེ་འཇགས། བརྟན་པོ་བཅས་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། དམངས་ལ་བརྩེ་བ་འཆང་བའི་འདུ་ཤེས་བརྟན་པོ་བསྲུངས་ནས། ཁྱིམ་ཚང་ཁྲི་སྟོང་མང་པོའི་རང་རྟོགས་ཀྱི་རང་བཞིན་ཆེ་རུ་གཏོང་བ་དང་། སྦྲེལ་མཐུད་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་བ། ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། བསམ་པའི་ཉམས་འགྱུར་དང་ལས་ཀའི་རྣམ་འགྱུར་བཟང་པོ་མུ་མཐུད་རྒྱུན་འཁྱོངས། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཚད་གཞིར་བྱེད་པ། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་ལ་ཐག་གཅོད་ནན་ཏན་བཅས་བྱས་ནས། དུས་ཆེན་རིང་གི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་དང་སྤྲོ་སྣང་ལྡན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། དཔྱིད་གསར་དུས་ཆེན་སྐབས་ཕྱོགས་མི་མང་དུ་སོང་བས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དང་བླང་བྱ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། སྨན་བཅོས་ཐོན་ཁུངས་སྔར་བས་རྒྱ་ཆེར་གཏོང་བ་དང་། སྨན་བཅོས་ཞབས་འདེགས་ཞུ་བ་དང་སྨན་རྫས་བཀོད་སྒྲིག་མང་དུ་གཏོང་བ།“བདེ་ཐང་འགན་ལེན་དང་ནད་ལྕི་སྔོན་འགོག”ནུས་ཤུགས་ཡོད་རྒུས་བྱེད་པ། རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བརྟན་པོའི་ངང་དུས་མཚམས་སྒྱུར་བ་དང་སྤྱི་ཚོགས་སྒྲིག་ལམ་བརྟན་པོ་ཡོང་བར་འགན་ལེན་བྱས་ནས། མང་ཚོགས་ཚང་མ་དགའ་སྤྲོ་དང་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།